The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Root Tantra of the Vidyādharas—Tibetan

English | བོད་ཡིག

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་བཞུགས༔

ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་ཧེ་རུ་ཀ༔
རིག་འཛིན་གྱི་རྩ་རྒྱུད་ཐོད་པའི་དུམ་བུ་ཞེས་བྱ་བ༔
དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔

རྒྱུད་ཅེས་བྱ་བ་རྒྱུན་ཆགས་ཏེ༔
རྒྱུ་ཡིས་མ་བསྐྱེད་རྐྱེན་ལས་གྲོལ༔
རིག་པ་བདེ་གཤེགས་སྙིང་པོའི་རྒྱུད༔
སྤྲོས་པ་རྣམ་དག་ངོ་བོ་ཉིད༔
མ་བཅོས་མ་བསླད་དེ་བཞིན་གཤེགས༔

དེ་ཉིད་མངོན་དུ་བྱ་བའི་ཐབས༔
ལམ་གྱི་རྒྱུད་ནི་མཐའ་ཡས་ཀྱང་༔
ཐབས་ལ་བརྟེན་པ་ཕ་ཡི་རྒྱུད༔
ཤེས་རབ་གཙོར་སྟོན་མ་ཡི་རྒྱུད༔
ཆ་མཉམ་གཉིས་མེད་ཟུང་འཇུག་རྒྱུད༔

རྟག་ཆད་ལས་གྲོལ་ལྟ་བ་དང་༔
ཡུལ་དུས་འབྲེལ་བའི་སྤྱོད་པ་དང་༔
དཀྱིལ་འཁོར་ཕྱག་རྒྱ་གསལ་རྫོགས་དང་༔
ཕྲིན་ལས་བཞི་ཡི་མཐའ་སྒྱུར་དང་༔
འཇུག་སྒོ་དབང་གི་བྱེ་བྲག་དང་༔
དེ་ཡི་སྲོག་འཛིན་དམ་ཚིག་དང་༔
ལྷ་ཡི་སྙིང་པོ་གསང་སྔགས་དང་༔
བདེན་པའི་མཐུ་ཅན་ཕྱག་རྒྱ་དང་༔
ལྷ་དང་སྙིང་ཉེར་བསྙན་པ་དང་༔
ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དང་༔
བསོད་ནམས་ཚོགས་སྤེལ་མཆོད་པ་སྟེ༔
རྒྱུད་ཀྱི་དངོས་པོ་བཅུ་གཅིག་ནི༔
མདོ་ཆིངས་ཡིན་པར་མཁས་པས་བཟུང་༔

དེ་ཡང་རྒྱུད་ལུང་མན་ངག་གི༔
ཁྱད་པར་འདི་ནི་ཤེས་བྱ་སྟེ༔
སྟོན་པས་བཀའ་སྩལ་རྒྱུད་ཡིན་ལ༔
ཞུ་བ་པོ་ཡིས་བསྡུས་པ་ལུང་༔
དེ་ལ་གཅུས་དང་དཀྲུགས་དང་གབ༔
ཇི་བཞིན་གསལ་བ་མན་ངག་སྟེ༔
དབྱེ་ན་ངོ་བོ་ངེས་ཚིག་དང་༔
རྣམ་གྲངས་གསུམ་གྱིས་སྟོན་པ་ཡི༔
ངོ་བོ་ཆོས་ཉིད་མ་འཁྲུལ་པ༔
ངེས་ཚིག་ཐེ་ཚོམ་བྲལ་བ་སྟེ༔
རྣམ་གྲངས་ཤེས་དང་ཉམས་སུ་བླང་༔
འཁྲུགས་པ་སྡེབ་པ་རྣམ་གསུམ་མོ༔

དེ་ཡང་དྲང་དོན་བསྐྱེད་རིམ་དང་༔
ངེས་དོན་རྫོགས་རིམ་དགོངས་པ་ཅན༔
བརྗོད་བྱས་ལྡོག་པའི་དོན་སྟོན་ཅིང་༔
དགོངས་མིན་དེ་ལས་ལྡོག་པའོ༔
དེ་བཞིན་གབ་དང་མ་གབ་པ༔
སྒྲ་ཇི་བཞིན་དང་མ་ཡིན་ཏེ༔
མཐའ་དྲུག་གནད་ཀྱི་མན་ངག་གོ༔

ཁྱད་པར་ཡིག་དོན་སྤྱི་དོན་གཉིས༔
སྦས་པའི་དོན་དང་མཐར་ཐུག་སྟེ༔
ཚུལ་བཞིའི་མན་ངག་ལ་བརྟེན་ནས༔
རྒྱུད་རྒྱལ་ཟབ་མོའི་དོན་ལ་སྤྱོད༔

འབྲས་བུའི་རྒྱུད་ནི་ངོ་བོའི་ཆོས༔
སྣ་ཚོགས་དག་བྱའི་སྒྲིབ་པ་གང་༔
ལམ་གྱི་བདེན་པ་ཚོགས་གཉིས་མཐུས༔
མངོན་དུ་བསལ་ནས་སྐུ་གསུང་ཐུགས༔
ཡེ་ཤེས་རྡོ་རྗེའི་རང་བཞིན་དུ༔
མངོན་པར་བྱང་ཆུབ་ངོ་བོ་ཉིད༔
ཚིག་དང་དཔེ་ལས་འདས་པའོ༔

དེ་དག་གསལ་བར་བྱེད་པ་ནིཿ
རང་སྣང་ཉིད་ལས་རང་གིས་སྤྱོད༔
སྟོན་བྱེད་གཙོ་དང་སྡུད་བྱེད་འཁོར༔
བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན༔
རང་ལས་ལོགས་སུ་མ་ཡིན་ཏེ༔
ཡེ་ཤེས་ལྟར་དུ་ཀློང་དགུའི་རྩལ༔
ཡི་དམ་ལྟར་དུ་སྒྲུབ་སྡེ་བརྒྱད༔
བྱང་སེམས་ལྟར་དུ་ཉེ་བའི་སྲས༔
རིག་འཛིན་ལྟར་དུ་འདི་ལྟ་སྟེ༔
ཨོ་རྒྱན་རང་བྱུང་མཁའ་འགྲོའི་གླིང་༔
རོ་གླིང་བསིལ་བའི་ཚལ་ཆེན་དུ༔
གདན་འཛོམ་གདུལ་བྱ་དུས་བབས་ཚེ༔
འོག་མིན་གནས་སུ་ཧེ་རུ་ཀས༔
ལེགས་གསུངས་བདེ་གཤེགས་ཡོངས་རྫོགས་རྒྱུད༔
མཆོད་རྟེན་བདེ་བྱེད་བརྩེགས་པ་རུ༔
སྩལ་བ་ལས་ཀྱི་དབང་མོ་ཆེས༔
ཕྱུངས་ཏེ་རིག་འཛིན་བརྒྱད་ལ་གཏད༔

ཟ་ཧོར་ཡུལ་དུ་སྐུ་འཁྲུངས་པའི༔
དྲི་མེད་ཆོས་ཀྱི་བཤེས་གཉེན་ལ༔
ཆེ་མཆོག་བདུད་རྩིའི་སྒྲོམ་བུ་གཏད༔

མ་ལ་ཡར་འཁྲུངས་བྲམ་ཟེའི་བུ༔
མི་ཏྲ་མཉྫུ་ཤྲཱི་ལ༔
སྐུ་མཆོག་འཇམ་དཔལ་སྒྲོམ་བུ་གཏད༔

བཻ་ཏའི་ཡུལ་འཁྲུངས་བྲམ་ཟེའི་རིགས༔
བློ་ཆེན་ནཱ་ག་རྫུ་ན་ལ༔
གསུང་མཆོག་པདྨའི་སྒྲོམ་བུ་གཏད༔

སིང་ག་ལ་ཡི་ནགས་གླིང་དུ༔
འཁྲུངས་པའི་ཧཱུྃ་ཆེན་ཀཱ་ར་ལ༔
ཐུགས་མཆོག་ཡང་དག་སྒྲོམ་བུ་གཏད༔

ཨུ་རྒྱན་ཐོར་ཅོག་ཅན་གྱི་ཡུལ༔
འཁྲུངས་པའི་པྲ་བྷ་ཧ་སྟི་ལ༔
ཕྲིན་ལས་ཕུར་པའི་སྒྲོམ་བུ་གཏད༔

ཐོ་གར་ཡུལ་དུ་སྐུ་འཁྲུངས་པའི༔
དྷ་ན་སཾ་སྐྲྀ་ཞེས་བྱ་བར༔
ཁྲག་འཐུང་མངོན་རྫོགས་སྒྲོམ་བུ་གཏད༔

མཁའ་འགྲོའི་གླིང་དུ་སྐུ་འཁྲུངས་པའི༔
ལྷ་ཡི་ཟླ་བ་ཞེས་བྱ་ལ༔
མཆོད་བསྟོད་དྲེགས་པའི་སྒྲོམ་བུ་གཏད༔

མཚོ་གླིང་ཚལ་དུ་སྐུ་འཁྲུངས་པའི༔
ཞི་བའི་སྙིང་པོ་ཞེས་བྱ་བར༔
དྲག་སྔགས་དམོད་པའི་སྒྲོམ་བུ་གཏདཿ

ཀུན་ཀྱང་རང་རྒྱུད་མ་ཡིན་ཏེ༔
ལྷ་དང་བཀའ་བབས་ལྟར་བསྟན་ཡང་༔
བསྒྲུབ་བྱ་སྒྲུབ་བྱེད་རོ་གཅིག་སྟེ༔
གདུལ་བྱའི་ངོ་རུ་སྣང་བ་ཙམ༔
དེ་བཞིན་ཡོངས་རྫོགས་རིན་ཆེན་སྒྲོམ༔
དྷ་ན་ཀོ་ཤའི་མཚོ་གླིང་དུ༔
རྫུས་ཏེ་བྱོན་པའི་རིག་འཛིན་ལ༔
ལས་ཀྱི་དབང་མོ་ཆེ་ཡིས་གཏད༔

འདི་ནི་རིག་འཛིན་རྡོ་རྗེ་ཆོས༔
སྟོན་པ་རང་ཉིད་སྡུད་བྱེད་ཀྱི༔
ཚུལ་བཟུང་ཟབ་མོའི་གསང་བ་འཛིན༔
གཙོ་དང་འཁོར་གྱི་ཚོམ་བུའི་ཚུལ༔
ལྟར་དུ་བསྟན་པའི་མན་ངག་བཅུད༔
གསང་སྔགས་ཀུན་གྱི་འབྲས་བུ་སྟེ༔
མངའ་བདག་རྒྱལ་པོའི་ཆོས་སྐལ་ཡིན༔

ཁྱོད་ཉིད་དག་དང་མ་དག་གི༔
སྲིད་པའི་རྣམ་རོལ་བཅུ་གསུམ་གྱི༔
སྐྱེ་བའི་མཐའ་བཅད་ཐུགས་རྗེའི་སྤྲུལ༔
ཉི་ཤུ་རྩ་གཅིག་ལ་སོགས་པ༔
གྲངས་ཅན་གྲངས་མེད་འགྱེད་པའི་དུས༔
རང་རྒྱུད་སྦས་ཚུལ་ལྟར་བཞུགས་པའི༔
གསུང་སྤྲུལ་བདུན་གྱི་གཅིག་ཤོས་ལ༔
སྨོན་ལམ་གཏད་རྒྱའི་དབང་བསྐུར་བས༔
ནམ་ཞིག་འགྲོ་དོན་དུས་བབ་ཚེ༔
རིག་འཛིན་ཁྱོད་ཀྱིས་བལྟར་ཡོད་ལ༔
ཕལ་གྱིས་བཟུང་དུ་མེད་པ་ཡི༔
མཁའ་འགྲོའི་ཡི་གེ་རྫུ་འཕྲུལ་ཅན༔
སྐུ་གདུང་འབར་བའི་བརྡ་རིས་འདི༔
དབྱིངས་ཀྱི་མཁའ་འགྲོས་སྤྲད་པའི་མོད༔
སོ་སོ་ཡང་དག་རིག་པ་བཞི༔
དག་པ་ཆེན་པོའི་བརྟུལ་ཞུགས་ལ༔
དབང་སྒྱུར་ཆོས་ཀྱི་གཏེར་ལ་དབང་༔
འདི་མེད་བློ་ཡིས་བྱས་པའི་ཆོས༔
ཟབ་མོའི་གཏེར་དུ་ཁུངས་འབྱིན་ཅིང་༔
རྫས་symbol གྱི་རི་མོ་ཡི༔
པདྨའི་ཆོས་ལ་ཡ་ག་འབོད༔
དེ་ཚེ་རྨོངས་པས་བརྟགས་དཀའ་ཡང་༔
མཁས་པས་རང་བཞིན་ཤེས་པ་ཡི༔
གར་གྱི་དབང་ཕྱུག་འཇིགས་མེད་གླིང་༔
འབྲེལ་ཚད་དོན་དང་ལྡན་པར་ཤོག༔
ས་མ་ཡ༔
རྒྱ་རྒྱ་རྒྱ༔ གུ་ཧྱཿ དྷ་ཐིམ༔

འཇིགས་མེད་གླིང་པ།

འཇིགས་མེད་གླིང་པ།

Further information:

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept