The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Longchen Nyingtik Prophetic Guide—Tibetan

English | བོད་ཡིག

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ གནད་བྱང་ཐུགས་ཀྱི་སྒྲོམ་བུ་བཞུགས༔

ཀུན་བཟང་ཡངས་པའི་ཀློང་ལ་འདུད༔

འོག་མིན་སྤྲུལ་པའི་གནྡྷོ་ལ༔
བར་ཁང་གཡུ་ཞལ་འབར་བ་རུ༔
ཐུགས་སྲས་རྗེ་འབངས་གྲོགས་གསུམ་ལ༔
ཟབ་དོན་སྙིང་གི་ཐིག་ལེའི་སྐོར༔
དམར་ཁྲིད་ལྐོག་བྱང་གནད་ཡིག་སྒྲོམ༔
སྐུ་གསུམ་རང་བྱུང་མཁའ་འགྲོའི་བརྡས༔
བསྟན་ཚེ་གསེར་གཡུའི་མཎྜལ་དང་༔
ཁྱད་པར་སྒོ་གསུམ་ལྟོས་མེད་ཕུལ༔

དུས་གསུམ་མཁྱེན་པའི་གུ་རུ་རྗེ༔
ད་ལྟ་དུས་བཟང་སྐལ་པ་ལྡན༔
མ་འོངས་ལྔ་བརྒྱའི་ཐ་མ་དེར༔
སེམས་ཅན་སྡུག་བསྔལ་དབའ་ལ་གཡེང་༔

དེ་ཚེ་བདག་ཅག་རྗེ་འབངས་གྲོགས༔
རྗེ་བཙུན་ཁྱེད་ཀྱི་ཐུགས་རྗེ་ཡིས༔
གྲོལ་བ་ཐོབ་ཀྱང་གདུལ་བྱའི་དོན༔
སྲིད་པར་ཉིད་མཚམས་ཡང་ནས་ཡང་༔
སྦྱོར་ཞིང་དག་པའི་གདུལ་བྱ་ཡི༔
ཁ་ལོ་གྱེན་ལ་བསྒྱུར་འཚལ་ན༔
དེ་དུས་ད་ལྟའི་འདུས་པ་རྣམས༔
ས་ཕྱོགས་གང་དང་གང་དུ་འབྱུང་༔
ས་རྟགས་བསྟན་པའི་གནས་ཚུལ་སོགས༔
ཀུན་མཁྱེན་གུ་རུས་གསུངས་དུ་གསོལ༔

ཞེས་ཞུས་མོས་གུས་གདུངས་པ་ལས༔
ཕྱག་གཡས་བཻ་རོ་ཙཱ་ན་དང་༔
གཡོན་པ་ཇོ་མོའི་སྤྱི་བོར་བཞག༔
ཆོས་རྒྱལ་ཉིད་ལ་དབུ་གཏུགས་ནས༔

ཉོན་ཅིག་ལས་ཅན་རྗེ་འབངས་གྲོགས༔
མ་འོངས་ལྔ་བརྒྱའི་མཐའ་མ་དེར༔
སེམས་ཅན་བསོད་ནམས་ཉམས་པའི་རྒྱུར༔
རྟེན་གསུམ་འཇིག་ཅིང་རབ་གནས་ཡལ༔
ཆོས་བྱེད་དམོད་ཅིང་སྡིག་བྱེད་བསྟོད༔
ཁྱད་པར་འདྲེ་རྒོད་སྤུན་དགུ་ཡི༔
ལས་མཐའ་སྙིང་ཞུགས་ཆེ་ཚུལ་འགས༔
བླ་མར་བརྫུས་ནས་སློབ་བུ་བསླུ༔
རྗེ་བོར་ཏ།ཤ་ནས་བདེ་སྐྱིད་འཕྲོག༔
བན་དེར་བརྫུས་ནས་ཆོས་བྱེད་བཅོམ༔

དེ་ཚེ་གནམ་ཐིལ་སྤྲུལ་པ་ཞིག༔
ཤར་ནས་འབྱུང་སྟེ་ནུབ་ཏུ་འགྲོ༔
དབུས་གཙང་གཞུང་ལ་ཆོས་སྡེ་དར༔
བསོད་ནམས་དམན་པའི་སྐྱེ་འགྲོ་ཀུན༔
དེ་ལ་འདུན་ཅིང་ཡིད་སྨོན་བྱེད༔
སྤྲེའུས་མེ་ཁྱེར་སྲིས་ལ་རྐུ༔
བྱ་ཡི་མགོ་སྤུ་གནམ་ལ་བསྲེག༔
ཁྱི་ཡིས་མ་མོའི་ནད་རྐྱལ་ཁུར༔
ཕག་གིས་ས་རྐོ་རྡོ་སློག་བརྩོན༔
བྱི་བས་བློ་གཏད་སྙིང་ལ་རྐུ༔
གླང་གི་རྭ་རྩེ་རྡོ་ལ་བརྡར༔
སྟག་གི་ལོ་ལ་དུག་མཚོ་ཁོལ༔
གཟིག་སློག་གྱོན་པའི་༼ག༽གསུམ་གྱིས༔
ཊ༁ྭ་མོ་སློང་ཞིང་ཊཅ།ཉ་རྩ་བ་འགྱེད༔

དེ་ཚེ་ང་སྤྲུལ་སྐྱེས་བུ་ལ༔
ཐུགས་རྗེར་ཕྱོགས་རིས་མ་མཆིས་པས༔
ལྐོག་ཡིག་གསང་བ་ལུང་བྱང་བཞིན༔
བསྟན་འགྲོའི་བདེ་ཐབས་ལྷུར་ལེན་གཅེས༔
དེ་དུས་ད་ལྟའི་རྗེ་འབངས་གྲོགས༔
བི་མ་རྒྱལ་སྲས་ལྷ་རྗེ་རྣམས༔
སྨོན་ལམ་ཐུགས་རྗེས་སྤྲུལ་པའི་སྲས༔
རང་བྱུང་རྡོ་རྗེ་པདྨ་དབང་༔
གསང་མཚན་གར་དབང་འཇིགས་མེད་གླིང་༔
རྟོགས་གྲོལ་དུས་མཉམ་ཐུགས་གཏེར་བདག༔

འཕགས་པས་རྗེས་སུ་བཟུང་བའི་རྟགས༔
ལག་གཡས་མཐིལ་ན་པདྨའི་སྤྱན༔
དབང་ཆེན་གསུང་གི་རིག་འཛིན་ཕྱིར༔
མཐེ་བོང་ཐུགས་སྲོག་ཧྱ་ཡིས་མཚན༔
རྟོགས་པ་ཀློང་དུ་གྱུར་པའི་རྟགས༔
ཚེམས་ལ་སྐྱེ་མེད་ཡི་གེ་ཨ༔
སྙིང་རྗེ་ཆེ་ལ་རིག་པ་ཧུར༔
ཤེས་རབ་ཆེ་ཞིང་འཛིན་ཆགས་ཆུང་༔
ཐུགས་སྒམ་ཚིག་བཙན་བློ་གྲོས་ཟབ༔
ངེས་མེད་སྤྱོད་པ་ཅིར་ཡང་སྟོན༔
འཇིགས་པ་མེད་པའི་བརྟུལ་ཞུགས་ཅན༔
ཞུམ་མེད་སྣང་བ་ཟིལ་གྱིས་གནོན༔
དེ་ལ་ཐུགས་རྒྱུད་དངོས་གཏེར་རམ༔
ཡང་ན་དགོངས་གཏེར་ཚུལ་དུ་འབེབས༔
དངོས་ཉམས་རྨི་ལམ་མ་ངེས་པར༔
ང་དང་ཞལ་མཇལ་དོན་དབང་བསྐུར༔
ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ༔
པད་འབྱུང་ང་དང་རིག་འཛིན་ཉིད༔
དགོངས་པ་གཅིག་དང་དབྱངས་གཅིག་འགྱུར༔
ཐེག་ཀུན་དགོངས་པའི་ཀློང་ལ་ཤར༔

རིག་འཛིན་དཔའ་བོ་མཁའ་འགྲོ་ཡིས༔
བསྐུལ་མ་ཐེངས་གསུམ་དག་ཏུ་འོང་༔
དེ་ཚེ་མི་བརྗེད་དྲན་པའི་གཟུངས༔
གཟེར་དྲུག་གནད་ཀྱི་ལྡེ་མིག་གིས༔
ཀློང་གསལ་དགོངས་པའི་གཏེར་ཁ་འབྱེད༔
བརྡའ་རྟགས་སྙིང་མཛོད་སྒྲོམ་བུར་བསྐྱིལ༔
པདྨ་ང་ཉིད་སྤྱི་བོར་སྒོམ༔
འཛད་མེད་ནམ་མཁའ་མཛོད་ཀྱི་བརྡ༔
ཌཱཀྐི་གསང་བའི་བརྡ་འགྲོལ་བཞིན༔
བཅས་བཅོས་ཕྲི་བསྣན་མེད་པར་བསྒྱུར༔
ལོ་བདུན་སྦིར་གྱི་ཁ་བཞིན་སྡོམས༔
སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔
པདྨ་ང་དང་དངོས་ཞལ་མཇལ༔
བར་ཆད་སེལ་ཞིང་བྱིན་གྱིས་རློབས༔

དེ་ཚེ་ལས་ཅན་དག་པའི་འཁོར༔
ད་ལྟའི་འདུས་པར་བཅས་པ་རྣམས༔
རྒྱ་བོད་དབུས་གཙང་མ་ངེས་པར༔
ལ་ལ་ཆེ་ཚུལ་བླ་དཔོན་གཟུགས༔
ལ་ལ་འཁྲུལ་ཞིག་བྱ་བྲལ་དང་༔
ཁ་གཅིག་དམངས་དང་ཐ་ཤལ་ཚུལ༔
མ་འགགས་སྤྱོད་པ་ཅིར་ཡང་སྟོན༔
ཀུན་ཀྱང་ལྟེ་སྨེ་སྙིང་མཚན་སྤྲས༔
ལས་ཀྱི་དབང་གིས་འདུད་པ་འབྱུང་༔
ཁྱད་པར་ད་ལྟའི་སྨོན་ལམ་མཐུས༔
ནམ་སྙིང་ཉང་བན་མཆོག་དབྱངས་དང་༔
ལྷ་སྲས་སྤྲུལ་པས་ཆོས་སྒོ་འབྱེད༔

དེ་ཚེ་གདམས་པ་གསང་ཞིང་སྤེལ༔
འོན་ཀྱང་ད་དུས་ཡབ་སྲས་རྣམས༔
ཐུགས་རྒྱུད་མཁའ་ལྟར་དག་ན་ཡང་༔
བཙུན་མོའི་བསླུ་བྲིད་གཡོ་སྒྱུ་ཆེ༔
སྡིག་བློན་སྣང་བ་འབྲིད་མཁས་པས༔
བདག་ཉིད་ཆེན་པོ་པདྨ་སོགས༔
སྤྲུལ་པའི་ལོ་པཎ་སྐྱེས་མཆོག་དང་༔
ཟབ་མོའི་རྟེན་འབྲེལ་མང་འཕྱུགས་པས༔
ཕྱི་དུས་འགྲོ་དོན་དུས་བབ་ཚེ༔
འགལ་རྐྱེན་རྣམ་པ་སྣ་ཚོགས་དང་༔
ཁྱད་པར་བདུད་བློན་དམ་སྲིའི་རིགས༔
རྗེས་འབྲང་རྣམ་འགྱུར་ཅིར་ཡང་རྫུ༔
བཀའ་དྲིན་དམ་ཚིག་ཁྱད་དུ་གསོད༔

ཕྲ་མེན་དམར་རྒྱན་སྤྲེལ་གདོང་མས༔
དང་པོར་གྲོགས་སུ་རེ་ནས་འདུད༔
བར་དུ་དམ་ཚིག་ཆུ་ལ་འཕོ༔
ཐ་མར་གྱོད་དང་མི་ཁ་གཡོ༔
སྔགས་ཀྱི་སྲུང་མས་མ་སྐྱོབ་ན༔
ལོ་བརྒྱའི་ཚེ་ཡང་ཞག་པོར་བསྟུང་༔

ད་ལྟའི་ལས་ཅན་རྣམ་ལྔ་དང་༔
ངང་ཚུལ་ཕོ་གྱོང་རྒྱལ་མོ་བཙུན༔
དབྱིངས་ཕྱུག་མཁའ་འགྲོ་ཨེ་ཀ་ཛས༔
ཆོས་སྲིད་རྟེན་འབྲེལ་ལེགས་ཚོགས་སྤེལ༔

བཛྲ་རཏྣ་དྷརྨ་དབང་༔
ཤྲཱི་ཨཱ་ཡུར་ཛྙཱ་ནའི་མིང་༔
དད་གུས་སྙིང་རྗེ་གཏོང་ཕོད་ཆེ༔
རིགས་ལྔའི་གནས་སུ་སྨེ་བ་ཅན༔
དབུས་གཙང་ལྷོ་བྱང་སྟོད་སྨད་ནས༔
ཕོ་མོར་མ་ངེས་རིམ་བཞིན་འབྱུང་༔
ཆོས་འདི་ཉམས་ལོངས་བརྒྱུད་པ་འཛིན༔

སོ་བདུན་ཀེག་ལ་གློ་བུར་འཚུབས༔
བཞི་བཅུ་ལོངས་པའི་ལྔ་གསུམ་མཚམས༔
ཕལ་ཆེར་དག་པའི་ཞིང་དུ་འགྲོ༔
གཙུག་ལག་གསུམ་ལ་མཆོད་འབུལ་དང་༔
སྒྲུབ་གནས་རྣམས་སུ་མེ་ཚོགས་སྐོང་༔
རིགས་ལྔ་ཡེ་ཤེས་ཌཱཀྐི་ནིའི༔
བདེ་སྟོང་བཅུད་ལེན་དག་ལ་འབད༔
དམ་འཁོན་གྲིབ་ལ་ཤིན་ཏུ་གཟབས༔

དེ་ཚེ་བཟང་ངན་ཅི་བྱུང་ཡང་༔
སུ་དང་ལྟ་སྤྱོད་མ་བསྟུན་པར༔
བློ་གཏད་པདྨ་ང་ལ་གྱིས༔
ཆོས་ཀུན་རྨི་ལམ་སྒྱུ་མར་སྦྱོངས༔
འོད་གསལ་དགོངས་པའི་བརྟུལ་ཞུགས་བསྐྱེད༔
སྙེམས་འཕྲིགས་སེམས་ལ་ཐོག་བརྫིས་ཐོངས༔
གཉན་ས་འགྲིམ་ཞིང་མེ་ཚོགས་དང་༔
བསྐང་བཤགས་ཐུགས་དམ་གནད་ལ་གཟིར༔
བར་ཆད་བཟློག་འགྱུར་ཐ་ཚིག་ཡོད༔
རྟེན་འབྲེལ་དམ་ཚིག་མཐུན་གྱུར་ན༔
ལྔ་བཅུའི་བར་དུ་འཚོ་ཡང་སྲིད༔

དེ་བས་རིང་མིན་གདུལ་བྱ་ཡི༔
ཁ་རྗེ་བསོད་ནམས་དག་ལ་རག༔
དམ་ཉམས་ལོག་ལྟ་ཆེ་ན་ཡང་༔
སྙན་པས་རྒྱལ་ཁམས་ཡོང་ལ་ཁྱབ༔
ཉི་ཤར་སྤར་མོས་མི་ཁེབས་བཞིན༔
དུས་མཐར་རང་འོད་ལྷག་པར་གསལ༔
བསྟན་པ་མཐའ་ནས་རྒྱས་པ་འབྱུང་༔

གལ་ཏེ་ལུང་བསྟན་སྐྱེས་བུ་ཡང་༔
མ་དག་བདུད་ཀྱིས་བློ་བསྒྱུར་ནས༔
ཟས་ནོར་ཆེད་དུ་དམ་ཚིག་གཏོང་༔
མདུན་ནས་བཅོས་མའི་མོས་གུས་འབར༔
རྒྱབ་ནས་ལོག་ལྟའི་རྔ་བརྡུང་ན༔
གྱོ་མོའི་ཁྲོད་ན་ནོར་བུ་བཞིན༔
མ་ཚོགས་མཁའ་འགྲོའི་ཡིད་ཕམ་ནས༔
འཇའ་ཚོན་དར་གྱི་ལམ་པོ་ལ༔
ཁྱོད་ཉིད་དྲངས་ཏེ་བཞག་ཐབས་མེད༔

སྐྱེ་འཆི་རྨི་ལམ་སྒྱུ་མ་ཙམ༔
ཐེ་ཚོམ་ཡིད་གཉིས་མེད་པ་རུ༔
རྔ་ཡབ་དཔལ་གྱི་རི་བོར་ཤོག༔
ཕ་བུ་འཕྲད་པའི་དགའ་སྟོན་སྐྱོང་༔
ས་མ་ཡ༔
ཞེས་གསུངས་ཡེ་ཤེས་མཚོ་རྒྱལ་མས༔
ཆོས་སྐུ་བྱང་ཆུབ་སེམས་ཀྱི་རྟེན༔
རང་བྱུང་ཤོག་སེར་ལྔ་ལྡན་ནང་༔
མི་བརྗེད་གཟུངས་ཀྱི་བརྡ་རིས་བཀོད༔
འོད་གསལ་སྙིང་མཛོད་སྒྲོམ་དུ་སྩལ༔
སྨོན་ལམ་དབང་བསྐུར་རྒྱ་ཡིས་བཏབ༔
ནམ་ཞིག་སྨོན་ལམ་དུས་བབ་ཚེ༔
ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས༔
བག་ཆགས་སད་པའི་ཆ་རྐྱེན་དུ༔
ཀློང་བྱང་བརྡ་རིས་ལག་ཏུ་སྤྲོད༔
རྒྱུ་རྐྱེན་རྟེན་འབྲེལ་མ་འཛོམ་པར༔
གཏན་ལ་ཕབ་ཀྱང་བར་ཆད་རྒྱུ༔
བརྡ་འགྲོལ་ལུང་གིས་བསྐུལ་བའི་ཚེ༔
མཁའ་འགྲོ་ཚོགས་ཀྱིས་མཉེས་བྱས་ནས༔
གཞོམ་མེད་རྡོ་རྗེའི་དབྱངས་སུ་བསྒྱུར༔
ས་མ་ཡ༔
རྒྱ་རྒྱ་རྒྱ༔
གསང་རྒྱ༔

གར་དབང་འཇིགས་མེད་གླིང་པས་མཁའ་འགྲོ་གསང་བའི་བརྡ་རིས་ནས་ཞལ་བཤུས་པ་བསྟན་དུ་མེད་པའི་སྙིང་བྱང་ཡིད་བཞིན་ནོར་བུའོ།། །།

འཇིགས་མེད་གླིང་པ།

འཇིགས་མེད་གླིང་པ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept