Entrusting Activity to Oath-Bound Guardians—Tibetan
༄༅། །དམ་ཅན་ཆོས་སྲུང་རྣམས་ལ་ཕྲིན་བཅོལ་བྱ་ཚུལ།
ཀྱེ། ཐུབ་པའི་བསྟན་པ་རིན་ཆེན་འབར་བའི་སྣོད། །
དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །
བསླབ་གསུམ་ཡོངས་འདུ་ས་བརྟོལ་ལྗོན་པའི་ཤིང༌། །
ནུབ་པ་མེད་པར་འཕེལ་བའི་རྒྱལ་མཚན་ཚུགས། །
ད་དུས་སྙིགས་མ་ལྔ་ཡིས་གཟིར་བ་འདི། །
ཀུན་རྟོག་དྲང་དོན་ལམ་གྱིས་གདུལ་དཀའི་ཚེ། །
ངེས་དོན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཆེའི། །
ཡོན་ཏན་བྱང་ཆུབ་སེམས་གཉིས་རྒྱས་པར་མཛོད། །
ཁྱད་པར་མིག་འཕྲུལ་ལྟ་བུར་འགྲོ་བའི་ལམ། །
རྡོ་རྗེ་ཐེག་པ་རྒྱ་མཚོའི་སྨིན་གྲོལ་དང༌། །
འཕགས་ལམ་ངེས་གསང་ཐེག་པ་མཆོག་གི་རྩེ། །
ཀུན་ནས་ཀུན་ཏུ་དར་བའི་ཕྲིན་ལས་མཛོད། །
རྒྱལ་བས་གདུལ་བྱའི་ཁམས་དབང་བསམ་པ་དང༌། །
རྗེས་སུ་མཐུན་པར་གསུངས་པའི་བསྟན་པ་ལ། །
ཕྱོགས་ལྷུང་ཕྲག་དོག་གདོན་གྱི་ཀུན་དཀྲིས་ཅན། །
སྨོན་ལམ་ལོག་པའི་དམ་སྲིའི་སྙིང་ཁྲག་འཐུང༌། །
གང་གི་དབང་ཕྱུག་ལུས་ཅན་ཐམས་ཅད་ཀྱི། །
ཁུར་དུ་ལྕི་བ་སྦྲུལ་གདུག་ལྟ་བུའི་སེམས། །
བསྟན་འགྲོའི་ཕན་བདེ་བཤིག་ལ་ཆས་པ་དེར། །
སྲུང་སྐྱོབ་མཛད་ན་ཁྱོད་ཀྱི་གཡར་དམ་འདྲལ། །
ལོག་པར་ལྟ་བ་འཛིན་དང་ཀླ་ཀློའི་སྡེ། །
དཀོན་མཆོག་དབུ་འཕངས་སྨད་པའི་རྒྱལ་ཕྲན་གྱི། །
ཆབ་སྲིད་སྐར་མདའ་ས་ལ་ལྷུང་བ་ལྟར། །
བྱས་པའི་མོད་ལ་དོན་སྙིང་ལྐོག་མར་ཕྱུང༌། །
མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་མ་མཐོང་ཞིང༌། །
སངས་རྒྱས་གཉིས་པའི་དམ་ཚིག་ལ་འགོངས་པའི། །
ནག་ཕྱོགས་གློ་བུར་ལྷགས་པའི་འདྲེ་རྒོད་དཔུང༌། །
རྒྱ་འདྲེ་བརླང་པོར་སྤྱོད་པའི་དུས་མཐའ་བསྟུངས། །
མང་དུ་ཐོས་པ་ལུང་གི་ཡོན་ཏན་དང༌། །
རྟོགས་པས་བདག་རྒྱུད་གྲོལ་བའི་སྐྱེས་བུ་རྣམས། །
བསྟན་པའི་རྩ་ལག་གཅིག་ཏུ་གནས་པའི་ཕྱིར། །
སྐུ་ཚེ་མཛད་འཕྲིན་ཡར་ཟླའི་མཆེད་པོར་མཛོད། །
ཁྱིམ་ན་གནས་ཀྱང་ཡང་དག་ལྟ་ལ་དད། །
དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་རྣམས། །
ཐེག་པ་ཆེན་པོའི་གདུལ་བྱ་ཉིད་ཀྱི་ཕྱིར། །
གཡེལ་བ་མེད་པའི་མེལ་ཚེ་སྲུང་སྐྱོབ་མཛོད། །
ཆོས་དང་སྲིད་ཀྱི་གཞི་ལ་ཕུན་ཚོགས་སྤེལ། །
བྱེས་སུ་ལམ་འཕྲང་ཆོམ་རྐུན་འཚེ་བ་བསྲུངས། །
བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་ཀྱིས། །
ཚོགས་གཉིས་འབྲས་བུར་སྨིན་པའི་བཀྲ་ཤིས་སྩོལ། །
ཅེས་པ་འདིའང་མཁྱེན་བརྩེའི་ལྷས་སོ།། །།