The Five Perfections—Tibetan
༄༅། །གསང་སྔགས་ཕུན་སུམ་ཚོགས་པ་ལྔའི་གཏམ།
ཆོས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ། །
ཞུགས་པའི་སྐལ་ལྡན་ཚོགས་རྣམས་གསོན། །
གསང་བ་སྔགས་ཀྱི་ཀུན་སློང་ལ། །
ཕུན་ཚོགས་ལྔ་ལྡན་ཤེས་དགོས་གསུངས། །
དོན་དམ་འོད་གསལ་གྱི་བྱང་ཆུབ་སེམས། །
རང་རིག་པའི་ངང་ལས་མ་གཡོས་ན། །
གནས་དུས་སྟོན་འཁོར་ཆོས་རྣམས་ཀྱི། །
ཕུན་ཚོགས་ཐམས་ཅད་དེ་ལ་ཚང་། །
ཕྱི་སྣང་ལྷན་ཅིག་སྐྱེ་པ་འདི། །
སྣང་སྟོང་དབྱེར་མེད་ཀྱི་ཞིང་ཁམས་ཡིན། །
འོག་མིན་ཆོས་དབྱིངས་བྱ་བ་ལོགས་ན་མེད། །
གནས་ཕུན་སུམ་ཚོགས་པ་དེ་ན་ཡོད། །
ནང་སེམས་ཉིད་ལྷན་ཅིག་སྐྱེས་པ་འདི། །
དཔལ་ལྡན་བླ་མ་ཆོས་ཀྱི་སྐུ། །
རྡོ་རྗེ་འཆག་ཞེས་བྱ་བ་ལོགས་ན་མེད། །
སྟོན་པ་ཕུན་སུམ་ཚོགས་པ་དེ་ན་ཡོད། །
རྩལ་འགག་མེད་རང་ཤར་རང་གྲོལ་ལ། །
ནང་བཅུད་ལྷ་དང་ལྷ་མོའི་སྐུ། །
དཔའ་བོ་དཔའ་མོ་ཞེས་བྱ་ལོགས་ན་མེད། །
འཁོར་ཕུན་སུམ་ཚོགས་པ་དེ་ན་ཡོད། །
ཆོས་ཉིད་རིག་པའི་ཁོར་ཡུག་ལ། །
འདས་མ་འོངས་ད་ལྟ་མ་གྲུབ་པས། །
རྒྱུན་ཆད་མེད་ཅིང་མཉམ་པ་ཉིད། །
དུས་ཕུན་སུན་ཚོགས་པ་དེ་ན་ཡོད། །
དེ་ལྟར་རང་ངོརང་ཤེས་ཀྱི། །
ཉམས་ལེན་གྱི་གནད་དང་མ་བྲལ་ན། །
དམ་པའིཆོས་ཞེས་བྱ་བ་ལོགས་ན་མེད། །
ཆོས་ཕུན་སུན་ཚོགས་པ་དེ་ན་ཡོད། །
འགྲོ་དྲུག་སྐུ་གསུམ་གྱི་རང་བཞིན་ལ། །
བཟང་ངན་གྱི་རྩིས་གདབ་བྱ་མི་འཚལ། །
རྣམ་རྟོག་གི་རྒྱུ་འགྲུ་མང་བ་ན། །
བདུད་་ཅེས་བྱ་བ་ལོགས་ན་མེད། །
རྐྱེན་ངན་གྱི་བར་ཆད་དེ་ན་ཡོད། །
དེ་པྱིར་ཡེངས་མེད་ཀྱི་དྲན་པ་བཅེས། །
ལྷ་དང་རང་སེམས་གཉིས་མེད་ངང་། །
འཁྲུལ་མེད་ཀྱི་རང་ཚུགས་ཟིན་པར་མཛོད། །
ཅེས་པའང་ཆོས་སྨྲའི་བཙུན་པ་འཇིགས་གྲགས་པས་ཡིན་ལུགས་ཀྱི་གཏམ་དུ་གླེང་བ་དགེ་ལེགས་སུ་གྱུར་ཅིག། །།