The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Praise for Dudjom Rinpoche—Tibetan

English | བོད་ཡིག

༄༅། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བསྟོད་པ་བློ་ཆུང་སྙིང་གི་མུན་སེལ་ཅེས་བྱ་བ་བཞུགས་སོ།།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་པ་མེད་པ་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་གཏེར་ཆོས་ཀྱི་རྒྱལ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །

ཇི་སྙེད་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །
བསྐལ་པར་མཆོད་ལས་བླ་མའི་བ་སྤུ་གཅིག །
མཆོད་ན་བསོད་ནམས་ཆེ་ཞེས་རྒྱལ་བས་བསྔགས། །
དེ་ཕྱིར་བདག་གིས་དད་པས་་བསྟོད་པར་བགྱི། །

གང་ཚེ་རིག་འཛིན་ནུས་ལྡན་རྡོ་རྗེ་ཞེས། །
རྣམ་འདྲེན་སྟོང་རྩར་དབང་བསྐུར་ལུང་བསྟན་གྱི། །
བྱེད་པོ་དེ་ནི་ཐོགས་མའི་སྤྲུལ་གཞི་སྟེ། །
སྔོན་གྱི་རྣམ་ཐར་རྣ་བའི་བཅུད་དུ་འཛིན། །

དམིགས་མེད་ཐུགས་རྗེ་ཆེན་པོས་གང་འདུལ་གྱི། །
གདུལ་བྱར་སྣ་ཚོགས་སྤྲུལ་པའི་སྐུར་བསྟན་ནས། །
རྒྱལ་བསྟན་ཡོངས་རྫོགས་གསལ་བར་བྱེད་པ་ཡི། །
སྐྱེས་རབས་ཚུར་དུ་དངར་བའང་གང་གི་འཕྲུལ། །

ཁྱད་པ་རྔ་ཡབ་དཔལ་རིའི་ཞིང་ཁམས་ནས། །
ཨོ་རྒྱན་པདྨས་ལུང་བསྟན་བྱིན་བརླབས་མཛད། །
བྱང་ཕྱོགས་འགྲོ་བའི་དོན་ལ་མངགས་པ་དེ། །
ཁྲག་འཐུང་བདུད་འཇོམས་གླིང་པ་ཞེས་སུ་གྲགས། །

རང་ངོར་སྐྱེ་འཆིའི་འཇིགས་པ་ཀུན་བྲལ་ཞིང་། །
འགྱུར་མེད་ཡེ་ཤེས་རྡོ་རྗེ་སྒྱུ་མའི་གར། །
སླར་ཡང་པདྨ་བཀོད་ཀྱི་གནས་མཆོག་ཏུ། །
གཞན་སྣང་མཚན་དཔེའི་གཟུགས་སྐུ་འཆར་ལ་འདུད། །

རྒྱ་གར་ཡུལ་ན་བཅོམ་ལྡན་ཤཱཀྱ་ཐུབ། །
གངས་ཅན་ཁྲོད་ན་རང་བྱུང་ཀརྨ་པ། །
པདྨ་བཀོད་དུ་བདུད་འཇོམས་འགྲོ་འདུལ་གླིང། །
མངལ་གྱི་དྲི་མས་མ་གོས་སྤྲུལ་སྐུར་གྲགས། །

འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐུ་ཡི་གར། །
མཁའ་འགྲོ་མཐིང་འོད་འབར་མའི་གསུང་གི་འོད། །
ཨོ་རྒྱན་པྨའི་ཐུགས་ཀྱི་སྤྲུལ་པ་སྟེ། །
ཀུན་འདུས་ཡིད་བཞིན་ནོར་བུ་ཁྱོད་ལ་འདུད། །

ཚེ་འདིར་སྦྱང་པའི་ཡུན་ལ་མ་ལྟོས་པར། །
སློབ་དཔོན་ཆེན་པོའི་ཐུགས་བཅུད་བྱིན་འོད་ཀྱིས། །
མཁྱེན་གཉིས་པདྨོའི་འདབ་བརྒྱ་བཞད་པ་ལས། །
ཞིང་འདིར་རྫོགས་པའི་སངས་རྒྱས་དངོས་སུ་གྱུར། །

རྩོམ་པའི་དབྱངས་ཅན་གྲུབ་པ་ཇི་སྙེད་ཁྲོད། །
སྙན་འཇེབས་འབུམ་གྱི་སྒྲ་དབྱངས་འཁྲོལ་བའི་གསུང་། །
སྔོན་དུས་གྲུབ་པའི་དབང་ཕྱུག་མི་ལ་དང་། །
དེང་དུས་ཁྱོད་གསུང་ཉིད་དུ་རླུང་ལྟར་གྲགས། །

རྔ་ཡབ་གླིང་ནས་གུ་རུ་ཡབ་ཡུམ་གྱིས། །
དགོངས་པའི་དྲོད་གཏད་དབུགས་དབྱུང་ཐོབ་པར་གསུངས། །
དེ་ཕྱིར་མཁས་དང་གྲུབ་པ་ཐམས་ཅད་ཀྱིས། །
པདྨའི་རྒྱལ་ཚབ་ཆེན་པོར་མཆོག་ཏུ་བསྔགས། །

སྐལ་ལྡན་འདུས་པའི་འཁོར་གྱི་ཚོགས་རྣམས་ལ། །
སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ། །
ཀུན་ཏུ་གྲགས་པ་འདི་ལ་འགྲན་བཟོད་པ། །
ཨོ་རྒྱན་པདྨའི་རྣམ་ཐར་གཅིག་པུ་ལགས། །

གཏེར་གསར་འབྱིན་ནམ་གཏེར་རྙིང་སྐྱོང་ངོ་ཞེས། །
བདེ་ཆེན་གླིང་པའི་གཏེར་ལུང་ཇི་བཞིན་དུ། །
དེང་འདིར་བཀའ་གཏེར་གཉིས་ཀྱི་བསྟན་པ་ལ། །
ཁྱེད་ཀྱི་བཀའ་དྲིན་ནམ་ཡང་གཞལ་དུ་མེད། །

ཁྱད་པར་སྨན་ལྗོངས་ཆོས་ཀྱི་ཞིང་མཆོག་འདིར། །
སྣོད་བཅུད་ཕན་བདེའི་ལེགས་ཚོགས་སྤེལ་བ་ལ། །
ཁྱོད་ཀྱི་ཐུགས་རྗེ་དུས་ལས་མི་ཡོལ་བས། །
དངོས་དང་བརྒྱུད་ནམ་གཟིགས་པ་བསམ་མི་ཁྱབ། །

མོན་ཡུལ་མི་ཁྲིམས་མེད་ལ་ཆོས་ཁྲིམས་བཅས། །
མཐུ་ཆེན་བླ་མ་སངས་རྒྱས་དངོས་ཡིན་ཞེས། །
དེ་ཡི་མཛད་སྲོལ་ཆ་ཤས་ཙམ་ལ་ཡང་། །
འཁྲུལ་བྲལ་ཡིད་ཆེས་གསུང་གིས་བསྔགས་ལ་འདུད། །

ང་མིན་ང་འདྲ་འཆོས་པའི་ལུང་བསྟན་བཞིན། །
མཁས་རློམ་གཏེར་བརྫུས་གྲུབ་ཐོབ་མང་མཆིས་ཀྱང་། །
མགོན་ཁྱོད་རྒྱུ་སྐར་དབུས་ན་ཟླ་བ་བཞིན། །
རྩོད་བྲལ་ཡིད་ཆེས་གནས་སུ་ལྷམ་མེར་མཛེས། །

མཁའ་ལ་འོད་གསལ་གཟའ་སྐར་གྲངས་མང་ཡང་། །
ཉི་མའི་འོད་ལས་ལྷག་པ་མ་མཆིས་བཞིན། །
ས་སྟེང་འདི་ན་གྲུབ་རིགས་མངའ་མཆིས་ཀྱང་། །
མགོན་པོ་ཁྱོད་འདྲ་དེང་དུས་སྲིད་མཐའ་ཙམ། །

སྲིད་ན་མངོན་པར་མཐོ་བ་ཇི་སྙེད་ཀྱིས། །
གཙུག་ཏུ་བཀུར་ཡང་ཁེངས་དྲེགས་མི་མངའ་ཞིང་། །
ཕྱོགས་ལྷུང་རེ་དྭོགས་འཛིན་པ་བྲལ་བའི་ཐུགས། །
ཀློང་ཡངས་ནམ་མཁའི་རྣལ་འབྱོར་ཉིད་དུ་ངེས། །

ལོག་རྟོག་སྲིན་བུ་མེ་ཁྱེར་འོད་སྣང་གིས། །
ཀུན་གསལ་ཉི་མའི་འོད་ལ་འགྲན་འདོད་པ། །
ཐུགས་རྗེས་མི་འདོར་འབྲེལ་ཚད་དོན་ལྡན་གྱི། །
སྐལ་བཟང་མྱུར་དུ་ཐོབ་པར་བདག་ཀྱང་སྨོན། །

བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག་པ་ཀུན། །
བླ་མའི་བྱིན་རླབས་སྙིང་ལ་ཞུགས་པའི་མཐུས། །
ཀུན་རྨོངས་བློ་ཡི་མུན་པ་གཞིལ་ནུས་པའི། །
ཡེ་ཤེས་ཉི་མ་ཁོང་ནས་འཆར་བར་ཤོག །

ཡི་དམ་རྡོ་རྗེ་གཞོན་ནུའི་བྱིན་མཐུ་ཡིས། །
བདག་གཞན་གཉིས་སུ་འཛིན་པ་རུ་ཏྲའི་སྲོག །
གཉིས་མེད་ཡེ་ཤེས་ཕུར་བུའི་མཚོན་ཆ་ཡིས། །
མཉམ་ཉིད་ཆོས་དབྱིངས་ཀློང་དུ་སྒྲོལ་བར་ཤོག །

མཁའ་གྲོ་ཁྲོ་མ་ནག་མོའི་བྱིན་མཐུ་ཡིས། །
བདུད་རྣམས་ཀུན་གྱི་རྩ་བ་རང་གི་སེམས། །
གང་ཤར་འཁྲུལ་པའི་དྲྭ་བ་གཅོད་བྱེད་ཆིང་། །
ཡུམ་ཆེན་ཆོས་སྐུའི་དགོངས་པ་རྟོགས་པར་ཤོག །

བཀའ་སྲུང་མ་མགོན་ལྕམ་དྲལ་མཐུ་སྟོབས་ཀྱིས། །
འཇིགས་རྟེན་ཆོས་བརྒྱད་འཛིན་པ་རང་གྲོལ་ནས། །
རང་སྣང་དབང་དུ་བསྡུ་བའི་ཏིང་འཛིན་གྱིས། །
གཞན་སྣང་ཟིལ་གྱིས་གནོན་པའི་བཀྲ་ཤིས་ཤོག །

མཐར་ཐུག་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །
རང་གཞན་སྟོན་འཁོར་ཐ་དད་མ་མཆིས་ཤིང་། །
རོ་གཅིག་དུ་མར་ཤར་བའི་རྣམ་འཕྲུལ་སོགས། །
སོ་སྐྱེ་ཕལ་པའི་བློ་ཡི་སྤྱོད་ཡུལ་མིན། །

མ་འོངས་དུས་ན་འཁོར་ལོའི་མགོན་ཁྱོད་དང་། །
དཔལ་ལྡན་འབྲུག་པ་ངག་གི་དབང་པོའི་མཚན། །
བདེ་གཤེགས་མོས་པ་ཉིད་དུ་རོ་གཅིག་པས། །
ཐུགས་ཡིད་གཅིག་འདྲེས་མངོན་པར་བྱང་ཆུབ་ཤོག །

ཅེས་འཁོར་ལོའི་མགོན་པོ་བདུད་འཇོམས་འགྲོ་འདུལ་གླིང་པའམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བསྟོད་པ་རང་བཞིན་བརྗོད་པའི་ལམ་ནས་བློ་ཆུང་གོ་བདེར་བཀོད་པ་འདི་ནི་གང་གི་འབངས་མཐར་གཏོགས་པ་ཤཱཀྱའི་དགེ་སྦྱོང་འཇིགས་གྲགས་མིང་པས་ཤིང་འབྲུག་ཟླ་དྲུག་པའ་ཚེས་གཅིག་གི་ཉིན་མོར་བྲིས་པ་དོན་ལྡན་དུ་གྱུར་ཅིག། །།

རྗེ་མཁན་པོ་འཇིགས་མེད་ཆོས་གྲགས།

བདུད་འཇོམས་རིན་པོ་ཆེ།

Further information:

BDRC Author Profiles: P8466 P736

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept