The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Knowable Objects—Tibetan

English | བོད་ཡིག

༄༅། །ཤེས་བྱའི་ཡུལ།

དང་པོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ཡུལ་གྱི་མཚན་ཉིད་ནི་རང་འཛིན་གྱི་བློས་རིག་པར་བྱ་བ་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། གཉིས་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལའང་ཁས་བླང་བརྗོད་པ་དང་། སུན་འབྱིན་བཤད་པ་གཉིས་ལས། དང་པོ་ནི། བོད་ཁ་ཅིག་སྣང་ཡུལ་དང་གཟུང་ཡུལ་དོན་གཅིག་པས། རྟོག་པ་འཁྲུལ་པ་ཡུལ་དུས་རྣམ་པ་ཐ་དད་ཀྱི་དོན་ལ་སྤྱི་གཅིག་ཏུ་གྲུབ་པ་མེད་ཀྱང་གཅིག་ཏུ་གཟུང་བའི་ཡུལ་དོན་བུམ་པ་ལྟ་བུའི་སྤྱི་དང་ནི་རྟོག་མེད་འཁྲུལ་པའི་ཡུལ་མེད་པ་གསལ་སྣང་ཟླ་གཉིས་ལྟ་བུ་དེ་གཉིས་ཡུལ་ཡིན་ནོ་ཞེ་ན། གཉིས་པ་ལ་གཉིས་ལས། དང་པོ་ཡུལ་ཅན་གྱི་བློ་མ་འཁྲུལ་བར་ཐལ་བ་ནི། ཡུལ་དེ་གཉིས་རང་འཛིན་གྱི་ཤེས་པ་རྟོག་པ་དང་མིག་ཤེས་གཉིས་པོ་དེ་འཁྲུལ་པར་འགལ་ཏེ། གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར་བུམ་འཛིན་གྱི་མིག་ཤེས་བཞིན་ནོ། །ཁོ་ན་རེ། ཁྱབ་པ་མེད་དེ། གཟུང་ཡུལ་ཡོད་ན་ཡང་ཐག་པ་ལ་སྦྲུལ་འཛིན་གྱི་ཤེས་པ་བཞིན་དུ་རྟོག་པ་རང་འཁྲུལ་པ་ཡིན་གྱི། ཡུལ་མེད་པས་འཁྲུལ་ཤེས་སུ་བཞག་པ་མིན་ནོ་ཞེ་ན། དཔེ་དོན་མི་མཚུངས་ཏེ། ཁྲ་བོར་འཛིན་པའི་མིག་ཤེས་ནི་གཟུང་ཡུལ་ཡོད་པ་ཉིད་ཀྱི་ཕྱིར་མ་འཁྲུལ་ལ། གཟུང་ཡུལ་སྦྲུལ་མེད་པ་ཉིད་ཡོད་པར་འཛིན་པས་ན་སྦྲུལ་འཛིན་གྱི་རྟོག་པ་ནི་འཁྲུལ་པར་འཇོག་པའི་ཕྱིར། གཉིས་པ་ཡུལ་སྣང་རུང་དུ་ཐལ་བ་ནི། སྣང་ཡུལ་དོན་སྤྱི་དང་མེད་པ་གསལ་བ་གཉིས་པོ་ཤེས་པ་ལས་རྫས་ཐ་དད་དུ་གྱུར་པའི་གཟུང་ཡུལ་ཡིན་ན་ཡུལ་སྣང་དུ་རུང་བར་གནས་པའི་གང་ཟག་གཞན་གྱིས་བལྟས་པས་ཀྱང་མཐོང་བར་འགྱུར་དགོས་ཏེ། དཔེར་ན་བུམ་པ་དང་ཀ་བ་ལ་སོགས་པ་མཐོང་རུང་གི་ཡུལ་ན་གནས་པ་ཀུན་གྱིས་མཐོང་བ་བཞིན་ནོ། །ཡང་ཁོ་ན་རེ། ཡུལ་དེ་གཉིས་ཤེས་པ་ལས་ཐ་དད་པའི་དོན་ཉིད་ཡིན་ཡང་། དཔེར་ན་རང་གི་ལུས་ཀྱི་ནང་མི་མཐོང་བ་བཞིན་དུ་འཁྲུལ་བའི་སྣང་བ་གཉིས་པོ་དེའང་མཐོང་མཁན་བདག་ཉིད་ཀྱི་བློ་ལ་རྟག་ཏུ་འབྲེལ་བའི་ཕྱིར་ཡུལ་རུང་ན་གནས་པའི་གང་ཟག་གཞན་གྱིས་རྟོགས་པ་དང་མཐོང་བ་མེད་ཅེ་ན། དཔེ་དོན་མི་མཚུངས་ཏེ། ནང་གི་ལུས་ནི་ཡུལ་དུ་རུང་བ་མིན་པར་བསྒྲིབས་པས་ཆོད་པའི་ཕྱིར། དེས་ན་གཞན་དུ་མ་ཟད་རང་གིས་ཀྱང་མི་མཐོང་ངོ་། །གལ་ཏེ་ཡུལ་ཅན་རང་ཁོ་ན་དང་རྟག་ཏུ་འབྲེལ་པས་ན་ཡུལ་གཉིས་པོ་དེའང་གཞན་གྱི་ཡུལ་དུ་རུང་བ་མིན་ནོ་ཞེ་ན། འོ་ན། རང་གི་བློ་ཁོ་ན་དང་འབྲེལ་བའི་ཕྱིར་སུ་དང་ཡང་ཐུན་མོང་མིན་པས་ན་རང་རིག་པ་བཞིན་དུ་བརྗོད་ཀྱང་གཞན་གྱིས་རྟོགས་པའམ་གོ་བར་ཡང་མི་འགྱུར་རོ། །ཡང་ཁོ་ན་རེ། གང་ཟག་རང་རང་གི་བློ་དང་འབྲེལ་བའི་དོན་སྤྱི་རེ་རེ་ཡོད་པའི་ཕྱིར་གཅིག་གིས་རང་ཡུལ་དེ་བརྗོད་པས་ཅིག་ཤོས་ཀྱིས་ཀྱང་རང་གི་བློ་ངོའི་ཡུལ་དེ་ཉིད་རྟོགས་སོ་ཤེ་ན། དེ་མི་འཐད་དེ། འཆད་ཉན་བྱེད་པའི་གང་ཟག་གཉིས་ཀྱི་བརྗོད་བྱའི་དོན་སྤྱི་རང་རང་གི་བློ་དང་འབྲེལ་བས་གཅིག་མ་ཡིན་པ་འབྲེལ་མེད་སོ་སོ་བ་ཡིན་པའི་ཕྱིར་ཐུན་མོང་བར་གོ་བར་མི་འགྱུར་ལ། གཉིས་ལ་གཅིག་ཏུ་མཚམས་སྦྱོར་མི་ནུས་པས་སོ། །གལ་ཏེ་གང་ཟག་སོ་སོའི་བློ་ལ་ཤར་ནས་ཡོད་པའི་སེམས་ཀྱི་རྣམ་པ་དོན་སྤྱི་གཉིས་པོ་འདྲ་བས་ན་འདྲ་བ་ལ་གཅིག་ཏུ་ཞེན་པ་དེ་ལ་དམིགས་ནས་ཐ་སྙད་སྦྱོར་བའི་ཕྱིར་མི་འགལ་ལོ་ཞེ་། འོ་ན། འཆད་པ་པོའི་བློ་ལ་ཤར་བའི་རྣམ་པ་དེ་ཉན་པོའི་བློར་ཤར་རམ་མ་ཤར། རང་ལ་ཤར་ན་ནི་དེ་རང་ཁོ་ནའི་ཡུལ་ཡིན་པས་ཐུན་མོང་མི་འཛིན་ལ། གལ་ཏེ་རང་གི་བློ་ལ་མ་ཤར་ན་ནི་དེ་ཉིད་ཡུལ་མིན་པས་ཕན་ཚུན་འདྲ་བར་ཤེས་པ་མི་སྲིད་པའི་ཕྱིར། དེས་ན་སོ་སོ་ཐ་དད་ཀྱིས་གཟུང་བའི་ཡུལ་དེ་ལ་གཅིག་ཏུ་ཞེན་ཅིང་འཛིན་པ་ག་ལ་སྲིད་དེ་མི་སྲིད་དོ། །ཡང་ཁོ་ན་རེ། སོ་སོའི་བློ་ངོའི་ཡུལ་དེ་དོན་ལ་ཐ་དད་ཡིན་ཡང་ཐ་དད་དུ་མ་ཤེས་པར་ཡུལ་གཅིག་ཏུ་འཁྲུལ་པའི་སྒོ་ནས་འཛིན་པ་ཡིན་ནོ་ཞེ་ན། ཡུལ་གཅིག་མ་ཡིན་ལ་གཅིག་ཏུ་འཛིན་པ་དེ་ཉིད་ཡུལ་གྱི་གནས་ཚུལ་དང་མི་མཐུན་པས་འཁྲུལ་པའི་བློ་ཡིན་པའི་ཕྱིར་དེ་ལྟ་བུའི་དོན་སྤྱི་དེ་གཟུང་བའི་ཡུལ་ཉིད་དུ་མེད་པར་ཚུལ་དེ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །དོན་དེ་བར་སྐབས་ཀྱི་ཚིགས་སུ་བཅད་པས་བསྟན་པ་དངོས་སྟོབས་ཀྱི་རིགས་པས་དེ་ལྟ་བུའི་འཁྲུལ་ཤེས་ཀྱི་གཟུང་ཡུལ་དེ་གཉིས་ལ་བརྟགས་ན་རྫས་སུ་ཡོད་པའི་ཡུལ་མཚན་ཉིད་པ་མེད་བཞིན་དུ་ད་དུང་ཕལ་ཆེར་ཡུལ་ཡོད་པ་ཉིད་དུ་ཞེན་པ་རྣམས་ནི། དཔེར་ན་ནམ་མཁའ་ག་རེ་ཞེས་ཟེར་བ་ལ། སོར་མོའི་རྩེ་མོས་ནམ་མཁའ་འདིའོ་ཞེས་བསྟན་པ་ན་སོར་མོའི་ཐད་ཀྱི་བར་སྣང་སྟོང་པ་ལ་བལྟས་ནས་མཐོང་རྒྱུ་ཅིའང་མེད་ཀྱང་བདག་གིས་ནམ་མཁའ་མཐོང་ཞེས་བླུན་པོ་རྣམས་ནམ་མཁའ་མཐོང་བར་འཁྲུལ་པ་བཞིན་ནོ་ཞེས་སོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།

གཉིས་པ་རང་ལུགས་གཞག་པ་ནི། གཞལ་བྱ་མཐར་ཐུག་པའམ་མཚན་ཉིད་པ་ནི་རང་མཚན་གཅིག་ཁོ་ན་ཡིན་ཏེ། དེ་དངོས་སུ་འཇལ་ན་གཟུང་ཡུལ་ཡིན་ལ། ལྐོག་གྱུར་དུ་འཇལ་ན་ཞེན་ཡུལ་དང་། གཉིས་ཀའང་སྐྱེས་བུས་འཇུག་ན་མི་བསླུ་བའི་ཕྱིར་འཇུག་ཡུལ་ཡིན་ནོ། །གསུམ་པ་རྩོད་པ་སྤོང་བ་ལ་གཉིས། འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤང་བ་དང་། གཟུང་ཡུལ་རང་མཚན་ལ་རྩོད་པ་སྤང་བའོ། །དང་པོ་ལ་བཞི། གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་བ་སྤང་བ། དོན་སྤྱི་དང་མེད་པ་གསལ་བ་ཡུལ་དུ་མཚུངས་པའི་རྩོད་པ་སྤང་བ། མྱོང་བ་དང་འགལ་བ་སྤང་བ། དགག་པ་ཚད་མས་མི་རྟོགས་པར་ཐལ་བ་སྤང་བའོ། །དང་པོ་ནི། དོན་སྤྱི་ཡུལ་མིན་ན་ཕྱོགས་གླང་གིས། །གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གཞལ་བྱའི་ཡུལ་གཉིས་སུ་བཞེད་པས་གནོད་ཅེ་ན། མི་གནོད་དེ། དེ་ནི་གཞལ་བྱའི་ཡུལ་དངོས་ལ་གཉིས་སུ་ཡོད་པས་མིན་གྱི། རང་མཚན་གཅིག་ལ་མངོན་ལྐོག་གི་འཇུག་ཚུལ་གཉིས་ཡོད་པའི་སྒོ་ནས་ཚད་མའི་ཡུལ་རང་མཚན་དང་སྤྱི་མཚན་གཉིས་སུ་གསུངས་པའི་ཕྱིར་རོ། །གཉིས་པ་ནི། འཁྲུལ་པའི་ཡུལ་གཉིས་ལས་དོན་སྤྱི་གཞལ་བྱར་གསུངས་པ་ལྟར་མེད་པ་གསལ་སྣང་དེའང་ཅིའི་ཕྱིར་གཞལ་བྱར་མི་འཇོག་སྟེ་འཇོག་པའི་རྒྱུ་མཚན་མཚུངས་སོ་ཤེ་ན། མི་མཚུངས་ཏེ། དོན་སྤྱི་ནི་རང་མཚན་མ་ཡིན་ཀྱང་དེར་འཁྲུལ་ནས་གཞུག་པ་ན་འཇུག་ཡུལ་རང་མཚན་ཐོབ་པ་ཡོད་ཅིང་། མེད་སྣང་ནི་རང་གི་ངོ་བོ་རང་མཚན་མ་ཡིན་པར་མ་ཟད། དེ་ལ་རང་མཚན་དུ་ཞེན་པས་ཡུལ་གྱི་དགོས་པ་མེད་ལ། ཞེན་ཀྱང་འཇུག་ཡུལ་རང་མཚན་ཐོབ་པ་མེད་པའི་ཕྱིར་ན་ཡུལ་གྱི་ནུས་པའང་མེད་དོ། །འོ་ན། རབ་རིབ་ཅན་ལ་སྐྲ་སོགས་སྣང་བ་དེ་དོན་རང་མཚན་མིན་ཞིང་། སྤྱི་མ་ཡིན་པས་སྤྱི་མཚན་ཀྱང་མིན་པས་གང་དུ་འདུ་ཟེར་ན། སྐྲ་ཤད་སོགས་སྣང་བ་ཙམ་པོ་དེ་ཕྱི་དོན་མེད་པར་དེར་སྣང་གི་བློ་ཉིད་ཡིན་པས་རང་མཚན་དུ་འདུ་ལ། བློ་ལས་ཐ་དད་པའི་ཕྱི་རོལ་གྱི་སྐྲར་སྣང་བར་རློམས་པ་ནི་གཞི་མེད་ལ་འཁྲུལ་པ་ཡིན་པས་དོན་ལ་གྲུབ་པ་མེད་དོ། །སྐྲར་སྣང་དེ་ནི་དངོས་པོར་ཡོད་དམ། འོན་ཏེ་མེད་ཅེས་རྟོག་པས་དཔྱོད་པ་ན་སྐྲར་སྣང་གི་རྣམ་པ་བློ་ལ་ཤར་བའི་སྤྱི་མཚན་ཡིན་པས་གཞལ་བྱ་ཕུང་གསུམ་པ་མེད་དོ། །གསུམ་པ་ནི། ཡང་ཁོ་ན་རེ། དོན་སྤྱི་དང་མེད་སྣང་དངོས་མེད་གཉིས་པོ་འདི་འཛིན་པའི་ཡུལ་ཅན་རང་རིག་གི་ཉམས་སུ་མྱོང་བས་དངོས་སུ་གྲུབ་པས་དེས་ཡུལ་གཉིས་པོའམ་ཡོད་པ་ཤུགས་ལ་གྲུབ་པས་ན་མྱོང་བ་འགལ་བ་འདིས་དེ་གཉིས་ལ་ཡུལ་མེད་པར་འདོད་པ་འདི་བཀག་པའང་བསལ་བ་ཡིན་ནོ་ཞེ་ན། དོན་སྤྱི་དང་སྐྲ་ཤད་སོགས་འཛིན་པའི་འཁྲུལ་ཤེས་དེ་གཉིས་ལ་ཡུལ་ཡོད་པར་ཁས་བླངས་ན་གོང་གི་ཚད་མས་གནོད་པས་ན་ཤེས་པ་ལས་ཐ་དད་པའི་ཡུལ་དུ་གྲུབ་པ་མེད་ཅིང་རང་རིག་གིས་ནི་དེ་དག་གི་རྣམ་པ་ཙམ་ཞིག་དངོས་སུ་ཉམས་སུ་མྱོང་བའི་ཕྱིར་ན་ཡུལ་དེའི་རྣམ་པར་སྣང་བ་དེ་ཉིད་ཤེས་པ་ཉིད་ཡིན་ལ་དེ་ཡང་ནི་རང་ཡུལ་དངོས་པོར་མེད་པ་ལ་ཡོད་པ་ལྟར་འཛིན་པའི་ཕྱིར་དེ་ལ་ལྟོས་ནས་འཁྲུལ་ཤེས་ཡིན་ནོ། །བཞི་པ་དགག་པ་ཚད་མས་མི་རྟོགས་པར་ཐལ་བ་སྤང་བ་ནི། གལ་ཏེ་རང་མཚན་མིན་པའི་ཡུལ་གཞལ་བྱ་གཞན་མེད་ན་དངོས་མེད་གཞལ་བྱར་བྱེད་པ་འགལ་ཏེ། དེ་ལ་རང་མཚན་མེད་པའི་ཕྱིར་ཞེ་ན། ཁོ་བོ་ཅག་དགག་སྒྲུབ་བྱེད་པ་ན་དགག་བྱ་དངོས་པོ་ཡོད་པ་ཞིག་བློ་ལ་བཟུང་ནས་དེ་དངོས་པོར་ཡོད་པའམ། དངོས་པོར་མེད་ཅེས་བསྒྲུབ་པའི་ཕྱིར་ན་འགལ་བ་མེད་དེ། བསྒྲུབ་བྱ་དང་མ་འབྲེལ་བར་དངོས་མེད་ཆིག་རྐྱང་རང་དབང་དུ་གཞལ་བ་མ་ཡིན་པའི་ཕྱིར། གཉིས་པ་གཟུང་ཡུལ་རང་མཚན་ལ་རྩོད་པ་སྤང་བ་ལ་རྩོད་པ་དང་། ལན་གཉིས་ལས། དང་པོ་ནི། ཕྱི་ཡི་གཟུང་ཡུལ་ནི་དྲུག་གི་ཅིག་ཅར་སྦྱར་བ་ན་སོགས་ཀྱི་རིགས་པས་ཆོས་གྲགས་སོགས་མཁས་པས་སྔར་བཀག་ཟིན་ལ་ཕྱི་དོན་མེད་པར་ནང་ཤེས་པའི་གཟུང་ཡུལ་ཞིག་ནི་ཕྱི་དོན་ཁས་ལེན་པའི་སྐབས་འདིར་མི་སྲིད་པས། དེས་ན་གཞལ་བྱ་རང་མཚན་གཅིག་པོ་དེ་ཉིད་ཀྱང་མི་འཐད་ཅེས་ནི་འགའ་ཞིག་སྨྲ་བར་བྱེད་དོ། །གཉིས་པ་ལན་ལ་གཉིས། གྲུབ་མཐའི་རྣམ་གཞག་སྤྱིར་དཔྱད་པ་དང་། སློབ་དཔོན་གྱིས་ཇི་ལྟར་གཏན་ལ་དབབ་པའོ། །དང་པོ་ནི། མུ་སྟེགས་ངོ་བོ་ཉིད་རྒྱུར་སྨྲ་བ་དག་ནི་ཆོས་འདི་ཐམས་ཅད་ངོ་བོ་ཉིད་ལས་བྱུང་ངོ་ཞེས་དང་། དབང་ཕྱུག་པས་དབང་ཕྱུག་རྟག་པས་བྱས་པ་དང་། གྲངས་ཅན་པས་རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་གཙོ་བོ་ལས་བྱུང་བ་དང་། གཟེགས་ཟན་པ་དང་བྱེ་མདོ་གཉིས་ཀྱིས་རྡུལ་ཕྲན་ལས་བྱུང་ངོ་ཞེས་དང་། སེམས་ཙམ་པས་སྣང་བ་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་འདོད་པ་དང་། དབུ་མ་པས་དོན་དམ་པར་སྤྲོས་པ་དང་བྲལ་ཞིང་། ཀུན་རྫོབ་ཏུ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི་གནས་སྐབས་སུ་མདོ་སྡེ་སྤྱོད་པ་དང་། རྣལ་འབྱོར་སྤྱོད་པ་དང་། འཇིག་རྟེན་གྲགས་སྡེ་དང་མཐུན་པར་འཇོག་པ་གསུམ་ཡོད་པ་ཡིན་ནོ་ཞེས་གྲུབ་པའི་མཐའ་མི་འདྲ་བ་ཐ་དད་པ་དེ་སྐད་དུ་རང་གཞན་གྱི་སྡེ་པ་རྣམས་འདོད་དོ། །གཉིས་པ་ལ་གཉིས། དོན་རིག་དང་། རྣམ་རིག་གོ །དང་པོ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་། རང་ལུགས་གཞག་པའོ། །དང་པོ་ལའང་གཉིས་ཀྱི། དང་པོ་བྱེ་སྨྲའི་ལུགས་དགག་པ་ནི། བྱེ་སྨྲ་ན་རེ། བར་དུ་ཆོད་པའི་གཟུགས་མཐོང་བ་མིན་པའི་ཕྱིར་རྣམ་ཤེས་ཀྱིས་མཐོང་བ་མིན་ནོ། །དེས་ན་དབང་པོ་གཟུགས་ཅན་པ་དེའང་ཡུལ་ལ་ཕྱོགས་པའི་བྱ་བ་བྱེད་བཞིན་པ་བརྟེན་བཅས་ཉིད་ལྟ་བྱེད་ཡིན་ནོ་ཞེས་འདོད་དོ་ལོ། །དེ་མི་འཐད་དེ། དབང་པོ་གཟུགས་ཅན་པ་བེམས་པོ་ཡིན་ཕྱིར་ལྟ་བྱེད་དུ་རུང་བ་མིན་ཞིང་། དབང་ཡུལ་རྫས་གཞན་ཡིན་པས་བདག་གཅིག་འབྲེལ་མི་འཐད་ལ། དུས་མཉམ་པ་ཡིན་ན་དེ་ལ་དེ་བྱུང་གི་འབྲེལ་པའང་མེད་པས་མཐོང་བྱ་མཐོང་བྱེད་དུ་མི་འཐད་དོ། །གཉིས་པ་དེ་དང་ཕྱོགས་མཚུངས་གངས་ཅན་པའི་ལུགས་དགག་པ་ནི། དབང་པོ་ལྟ་བྱེད་མིན་ཀྱང་དུས་མི་མཉམ་ན་ཡུལ་དུ་མི་རུང་བས་ཡུལ་དང་ཡུལ་ཅན་གྱི་རྣམ་ཤེས་གཉིས་དུས་མཉམ་དུ་ཡོད་པ་ནི་གཟུང་བ་དང་འཛིན་པ་ཡིན་ནོ་ཞེས་པ་ལ་སོགས་གངས་ཅན་པ་འགའ་ཞིག་འདོད་དོ། །དེ་མི་འཐད་དེ། ཡུལ་ཤེས་གཉིས་དུས་མཉམ་པའི་ཕྱིར་ན་དེ་གཉིས་ལ་གོང་དུ་བཤད་པ་ལྟར་འབྲེལ་པ་མེད་ལ། དེ་ལྟ་ན་ཡུལ་རྒྱུ་མེད་པ་ལ་དེ་ཤེས་པའི་ཡུལ་ཅན་རྣམ་ཤེས་ཀྱང་ཡོད་པ་འགལ་ཏེ། རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །གལ་ཏེ་སྐད་ཅིག་སྔ་མའི་ཡུལ་ནི་ཤེས་པས་དམིགས་པའི་རྒྱུ་ཡིན་ལ། རང་དང་དུས་མཉམ་པའི་ཡུལ་དེ་གཟུང་ཡུལ་ཡིན་ནོ་ཞེ་ན། འོ་ན། སྐད་ཅིག་སྔ་མའི་ཡུལ་ལས་དབང་པོ་དང་ཡིད་བྱེད་ཀྱིས་རྐྱེན་སྦྱར་ཏེ་སྐྱེས་ཟིན་པའི་ཕྱིར་རྣམ་ཤེས་གྲུབ་ཡོད་པ་དེ་ལ་ཤེས་པ་རང་དང་དུས་མཉམ་གྱི་ཡུལ་གྱི་དགོས་པ་གང་ཡང་མེད་དོ། །

གཉིས་པ་རང་ལུགས་ནི། མདོ་སྡེ་པ་ལྟར་ཕྱི་དོན་དངོས་ཤེས་པ་ལས་ཀློག་ཏུ་གྱུར་པ་ཡིན་མོད། སྐད་ཅིག་སྔ་མ་ལ་ཡུལ་དང་བདག་རྐྱེན་དབང་པོ་དང་དེ་མ་ཐག་རྐྱེན་ཡིད་ལ་བྱེད་པ་གསུམ་ཚོགས་པ་དེ་ལས་སྐད་ཅིག་གཉིས་པར་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པ་ཡུལ་གྱི་རྣམ་པ་ཤེས་པའམ་མཐོང་བའི་ཐ་སྙད་བཏགས་པ་ཡིན་ནོ། །རྒྱུར་འདྲ་བ་ལ་ཤེས་པ་ཡུལ་འདྲ་བར་སྐྱེའི། དབང་པོ་འདྲ་བར་མི་སྐྱེ་བ་ཅི་ཡིན་སྙམ་ན། དེ་ནི་དངོས་པོའི་ཆོས་ཉིད་ཡིན་ཏེ། དཔེར་ན་ཟས་དང་དུས་དང་དྲོད་ལ་སོགས་པ་བུ་ཡི་རྒྱུ་ཡིན་ཡང་ཕ་མའི་གཟུགས་ཀྱི་དབྱིབས་སོགས་དང་འདྲ་བར་སྐྱེ་བ་བཞིན་ཤེས་པའང་ཡུལ་ཁོ་ན་དང་འདྲ་བར་སྐྱེ་བ་ཡིན་ནོ། །དེས་ན་ཡུལ་བུམ་པ་ལྟ་བུ་གཅིག་ལ་འབྲས་བུ་གཉིས་ཡོད་དེ། ཡུལ་རང་གི་རིགས་འདྲ་ཕྱི་མ་བསྐྱེད་པ་དང་རང་འཛིན་དབང་མངོན་ལ་རང་འདྲའི་རྣམ་པ་གཏོད་པ་གཉིས་སོ། །བུམ་འཛིན་ལྟ་བུའི་བློ་ཡང་ཁ་ཕྱིར་བལྟས་ཡུལ་གྱི་རྣམ་པར་སྐྱེས་པ་དོན་རིག་པ་དང་ནང་བལྟས་རང་ཉིད་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་རང་རིག་སྟེ་ཚུལ་གཉིས་ཡིན་པར་འདོད་དོ། །གཉིས་པ་རྣམ་རིག་པའི་ལུགས་གཏན་ལ་དབབ་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལའང་གཉིས་ཀྱི་དང་པོ་བྱེ་མདོ་གཉིས་ཀས་ཕྱི་དོན་གྱི་རྒྱུ་ཆ་མེད་ཀྱི་རྡུལ་ཕྲན་བདེན་པར་འདོད་པ་དེ་མི་འཐད་དེ། ཆ་མེད་ཡིན་ན་རགས་པ་རྩོམ་མི་ནུས་པའི་ཕྱིར་ཏེ། དབུས་རྡུལ་གཅིག་ལ་ཕྱོགས་གཞན་དང་གཞན་ནས་རྡུལ་དུ་མ་མ་འབྱར་བར་རགས་པའི་གོང་བུ་མི་གྲུབ་པའི་ཕྱིར། འབྱར་ན་དབུས་རྡུལ་དེ་ཆ་བཅས་སུ་ཐལ་ཏེ། རྡུལ་ཕྲན་དུ་མ་འབྱར་སའི་ཆ་ཐ་དད་ཡིན་པ་གང་ཞིག རྡུལ་གཅིག་འབྱར་སའི་ཆ་ལ་རྡུལ་དུ་མ་ཤོང་བའི་གོ་སྐབས་མེད་པའི་ཕྱིར་རོ། །དེ་ལྟར་གཅིག་མ་གྲུབ་པས་དང་དེས་བསགས་པའི་དུ་མ་མི་འགྲུབ་པ་དེ་ལྟ་ན་ཕྲ་རགས་གཉིས་བདེན་གྲུབ་དང་བྲལ་བའི་ཕྱིར་ཤེས་པ་ལས་གུད་ན་ཕྱི་རོལ་གྱི་དོན་མེད་ལ། རྒྱུ་མཚན་དེས་ན་རྣམ་པ་གཏོད་བྱེད་མེད་པས་རྣམ་པའང་མེད་དེ། མོ་གཤམ་གྱི་བུ་མེད་ན་དེའི་ཁ་དོག་གི་རྣམ་པ་མེད་པ་བཞིན་ནོ། །གཉིས་པ་འཇིག་རྟེན་གྲགས་པར་བརྟེན་པ་དགག་པ་ནི། ཁ་ཅིག་ཀུན་རྫོབ་ཐ་སྙད་དཔྱོད་པ་ཟླ་བའི་བཞེད་པ་ལྟར་མ་བརྟགས་མ་དཔྱད་པའི་བློ་དང་མཐུན་པར་འཇུག་ཟེར་བ་མི་འཐད་དེ། ཀུན་རྫོབ་ཐ་སྙད་ཀྱི་དཔྱོད་པ་འཇིག་རྟེན་གྲགས་པ་ཙམ་ལ་བརྟེན་ན་མ་དཔྱད་པའི་བློ་ངོར་མངོན་རྗེས་སྒྲུབ་སེལ་སོགས་ཀྱིས་འཇུག་པ་ཚད་མ་དང་ཚད་མིན་གྱི་དབྱེ་བ་སོགས་ཚད་མའི་རྣམ་གཞག་ཐམས་ཅད་མི་འཐད་པས་འགལ་བ་ཡིན་ནོ། །གཉིས་པ་རྣམ་པར་རིག་པར་སྒྲུབ་པ་ནི། གསལ་དང་ལྷན་ཅིག་དམིགས་པའི་རྟགས་གཉིས་ཀྱིས་ཕྱི་དོན་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་དུ་འགྲུབ་སྟེ། ཤེས་བྱའི་ཡུལ་ཆོས་ཅན། དེ་འཛིན་གྱི་ཤེས་པ་དང་ངོ་བོ་གཅིག་ཡིན་ཏེ། ཕྱི་དོན་དུ་གྲུབ་པ་མེད་ཅིང་སྣང་ཙམ་གྱི་ཆ་དེ་གསལ་ཞིང་རིག་པ་ཡིན་པའི་ཕྱིར་ཏེ། ཤེས་པའི་མཚན་ཉིད་དང་ལྡན་པའི་ཕྱིར། དཔེར་ན་ནོག་ལྐོག་ཤལ་གྱིས་དེ་དང་ལྡན་ཚད་བ་ལང་དུ་སྒྲུབ་པ་བཞིན་ནོ། །ཆོས་གང་ལྷན་ཅིག་དམིགས་པར་ངེས་པ་ཡིན་པ་ལ་རྫས་གཞན་ཡིན་པ་མི་སྲིད་ཅིང་། རྫས་གཞན་ཡིན་ན་ལྷན་ཅིག་དམིགས་ངེས་ཀྱི་རྟགས་འཇུག་པ་མི་སྲིད་དོ། །དེས་ན་དཔེ་ཟླ་བ་གཉིས་སྣང་བཞིན་དུ་སྔོ་དང་དེ་འཛིན་ཡང་རྟགས་དེས་རྫས་གཞན་མིན་པར་འགྲུབ་བོ། །སྔོ་དང་དེ་འཛིན་གྱི་ཤེས་པ་ལྷན་ཅིག་ཏུ་དམིགས་དགོས་པ་རང་མྱོང་གིས་གྲུབ་པས་ན་ཕྱོགས་ཆོས་རྗེས་ཁྱབ་ནི་མཐུན་དཔེ་དབང་ཤེས་འཁྲུལ་པ་ལ་ཟླ་བ་གཅིག་གཉིས་སུ་སྣང་བའི་སྟེང་དུ་གྲུབ་སྟེ། དེ་གཏན་ཚིགས་ལྷན་ཅིག་དམིགས་ངེས་དང་། བསྒྲུབ་ཆོས་རྫས་གཞན་མ་ཡིན་པ་གཉིས་ལ་རྗེས་སུ་འགྲོ་བའི་ཕྱིར་རོ། །ལྡོག་ཁྱབ་ནི་མི་མཐུན་ཕྱོགས་རྫས་ཐ་དད་གཞན་ལ་མཐའ་གཞན་བཀག་པས་ཁེགས་ཏེ། འདི་ལྟར་དངོས་པོ་ཐ་དད་དུས་མི་མཉམ་པ་ལ་མི་མཉམ་པར་འཛིན་པ་ཉིད་ཀྱིས་དང་། དུས་མཉམ་པ་ལ་ནི་གནོད་པ་ཅན་གྱི་རྟགས་ཀྱིས་ཁེགས་ཏེ། གང་འབྲེལ་པ་མེད་པ་དེ་ལ་ལྷན་ཅིག་དམིགས་ངེས་མེད་དེ། སྔོན་པོ་དང་སེར་པོ་བཞིན་མིག་དང་གཟུགས་ཀྱང་རྫས་ཐ་དད་དུས་མཉམ་པར་ཁྱོད་ཀྱིས་ཁས་བླངས་སོ་ཞེས་སོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས། རྡུལ་ཕྲན་དང་མཚུངས་པའི་རྩོད་སྤང་དང་། རྣམ་པ་ཡོད་མེད་ལ་བརྟགས་ནས་མི་འཐད་པ་སྤང་བའོ། །དང་པོ་ནི། དབུ་མ་པ་ཁ་ཅིག་ན་རེ། སེམས་ཀྱི་རྒྱུན་ནི་ཡན་ལག་ཅན་འགོག་པ་དང་རིགས་པ་མཚུངས་ལ། དེས་སེམས་སྐད་ཅིག་མ་དག་ཀྱང་རྡུལ་གྱི་ཆ་ཤས་བཞིན་དུས་འདས་མ་འོངས་ལ་ཕྱོགས་པའི་ཆ་གཉིས་ཡོད་དགོས་པ་དེས་ན་སེམས་སྐད་ཅིག་མ་ལའང་ཐོག་དབུས་མཐའི་སྐད་ཅིག་མ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་སེམས་ཀྱང་གཅིག་དང་དུ་མ་བྲལ་ཞེས་ཟེར་རོ། །དེ་ལ་སྐད་ཅིག་ཆ་ཤས་ཡིན་པ་མི་འཐད་དེ། དེ་ལྟར་ན་སྐད་ཅིག་དེ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་ན་སྐད་ཅིག་གཅིག་པ་མི་སྲིད་པར་འགྱུར་ལ། སྐད་ཅིག་གཅིག་པ་མི་སྲིད་ན་ནི་གསུམ་གྱི་བདག་ཉིད་ཡིན་པའང་ཉམས་པས་གསུམ་ཞེས་གཅིག་འགོག་པའང་མི་འཐད་དོ། །རྡུལ་དང་མི་མཚུངས་ཏེ། འདི་ལྟར་རྡུལ་ནི་རགས་པ་རྩོམ་པའི་ཚེ་དུས་ཅིག་ཅར་དུ་བསྐོར་དགོས་པས་ན་དབུས་ཀྱི་རྡུལ་ཕྲན་ཆ་བཅས་སུ་འགྱུར་ཏེ། དེས་ན་བཞག་ན་ཆ་བཅས་ཡིན་ལ། བཤིག་ན་ཆ་མེད་དུ་འཇིག་སྟེ་སྐྲ་རྩེའི་ཟིལ་པ་བཞིན་ནོ། །སྐད་ཅིག་ལ་ནི་སྐྱོན་དེ་མི་འཇུག་སྟེ་དུས་གསུམ་ཅིག་ཅར་དུ་མི་རུང་བའི་ཕྱིར་ཏེ། འདས་མ་འོངས་ད་ལྟ་མེད་པའི་ཕྱིར་རོ། །དེས་ན་ད་ལྟའི་སྐད་ཅིག་རང་གི་ངོས་ནས་ཆ་མེད་ཡིན་ལ། སློབ་དཔོན་འཕགས་པས་སྐད་ཅིག་གསུམ་སྦྲེལ་ནས་བཤིག་པ་འདིས་ཉན་ཐོས་དུས་གསུམ་རྫས་ཡོད་འདོད་པ་འགོག་གི སྐད་ཅིག་ཆ་མེད་ཙམ་དགག་པ་མིན་ཏེ། ད་ལྟའི་སྐད་ཅིག་དོན་བྱེད་ནུས་ཀྱི་དངོས་པོ་ཙམ་གྲུབ་པ་དེ་ཁོ་ནས་ཆ་མེད་དུ་གཞག་ཆོག་པ་ཡིན་ནོ།།  །།གཉིས་པ་ནི། ཤེས་པ་རྣམ་བཅས་སམ་རྣམ་མེད་གང་ཡིན་ཡང་རུང་སྟེ་ཡུལ་མེད་ན་ཚད་མ་དང་ཚད་མིན་གྱི་རྣམ་གཞག་འགལ་ལོ་ཞེ་ན། དོན་དུ་སྣང་བ་གང་ཡིན་པ་ཐམས་ཅད་བློ་ཉིད་ཡིན་གྱི། སྣང་བ་དེ་ཉིད་ཕྱི་རོལ་ན་གྲུབ་པ་ཅུང་ཟད་ཀྱང་མེད་པར་མཚུངས་མོད། བག་ཆགས་བརྟན་པ་ཟླ་བ་གཅིག་དང་དུང་དཀར་འཛིན་སོགས་ཚད་མ་ཡིན་པ་དང་མི་བརྟན་པ་ཟླ་བ་གཉིས་དང་སེར་འཛིན་སོགས་ཚད་མ་མིན་པའི་དབང་ལས་བདེན་དང་བརྫུན་པའི་རྣམ་གཞག་བྱེད་པར་འཐད་པ་ཡིན་ནོ། །དོན་བསྡུ་བའི་ཚིགས་བཅད་ནི་ཇི་སྲིད་ཕྱི་རོལ་ཁས་ལེན་པའི་གྲུབ་མཐའ་ལ་གནས་པ་དེ་སྲིད་ཡུལ་ཤེས་རྫས་གཅིག་ཏུ་མི་འཐད་དེ། དེའི་ཚེ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་གཟུང་ཡུལ་ཞེས་ཟེར་ལ། ཤེས་བྱ་ཐམས་ཅད་ནང་གི་བདག་ཉིད་ཡིན་པར་ཞུགས་པ་ན་ཡུལ་དང་ཡུལ་ཅན་རྫས་ཐ་དད་དུ་གྲུབ་པ་མེད་དོ། །སྐབས་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་ཡུལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དང་པོའི་མཆན་འགྲེལ་བཤད་པའོ། །

འཇམ་དབྱངས་བློ་གཏེར་དབང་པོ།

འཇམ་དབྱངས་བློ་གཏེར་དབང་པོ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept