The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Rain of Virtue and Goodness—Tibetan

English | བོད་ཡིག

༄༅། །རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །

 

ན་མཿཤྲཱི་གུ་ར་བེ།

ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི། །
གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །
བརྟན་གཡོ་ཀུན་ལ་ཁྱབ་པའི་ཧེ་རུ་ཀ །
དཔལ་ལྡན་རྡོ་རྗེ་སེམས་དཔས་དགེ་ལེགས་མཛོད། །

དེ་ལ་འདིར་སུ་པྲ་ཏིཥྛའི་སྒྲ་ལས་དྲངས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཚད་མེད་པའི་ཕྲིན་ལས་ཀྱིས་སྤྲུལ་པའི་གཟུགས་བརྙན་སྐུ་གསུང་ཐུགས་ཀྱི་རྟེན་དམ་ཚིག་པའི་རྣམ་ཆར་ཤར་པ་ལ། ཡེ་ཤེས་པ་ལེགས་པར་རབ་ཏུ་གནས་པའི་ཆོ་ག་ནི་རྡོ་རྗེ་འཆང་ཆེན་པོས་རྒྱུད་སྡེ་རྒྱ་མཚོ་ནས་ལན་གཅིག་མ་ཡིན་པར་བསྔགས་པའི་ཚུལ།

དཔལ་གསང་བ་སྙིང་པོ་རྩ་བའི་རྒྱུད་ལས།

ས་ལ་སོགས་ལས་ཕྱག་རྒྱ་བྱས། །
རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །
དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །
སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །

ཞེས་པ་ལ་སོགས་པས་མཚོན་ཏེ་རྒྱ་ཆེར་གསུངས་པའི་དགོངས་དོན་དང་འབྲེལ་པར་གྲུབ་པའི་སློབ་དཔོན་རྣམས་ཀྱིས་ལེགས་པར་བཀྲལ་བའི་ཚུལ་ལས་མདོར་བསྡུས་པ་ཙམ་ཇི་ལྟར་བྱ་བ་ལའང་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །

དང་པོ་ནི།

མཚན་ཉིད་དང་ལྡན་པའི་རྟེན་གྱི་མདུན་སོགས་སྐབས་ཕྱེད་པར། གང་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཡོ་བྱད་དང་། བུམ་པ་གཉིས། བྱེ་བྲག་ཏུ་རབ་གནས་ལ་དགོས་པའི་མངའ་དབུལ་གྱི་མཎྜལ། ཙཱ་རུའི་བཟའ་བ་མཆོད་པའི་བྱེ་བྲག་སོགས་འོག་ཏུ་ཉེ་བར་མཁོ་བ་རྣམས་མ་ཚང་མེད་པར་འདུ་བྱ་ཞིང་བཀོད་པས་མཛེས་པར་བཤམས་ནས། དཀྱིལ་འཁོར་གང་ལ་བརྟེན་པའི་ལས་གཞུང་བསྲངས་རྗེས་བཟླས་པའི་མཐར་རྣམ་བུམ་དུ་ལྷ་ཚོགས་རྣམས་ལྷག་པར་གསལ་བས་གཟུངས་ཐག་ལ་འཇུས་ཏེ།

རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་།

གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ།

འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད།

སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། 

རྩ་སྔགས་ཀྱི་ཤམ་བུར་དབྱངས་གསལ་རྟེན་སྙིང་སུ་པྲ་ཏིཥྛ་རྣམས་སྦྲེལ་བ་ཅི་ནུས་བཟླ། དེ་བཞིན་དུ།

ལས་ཐམས་ཅད་ཀྱི་བུམ་པར་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐད་ཅིག་གིས་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་བསམས་ལ། 

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ།

དང་ཁྲུས་སྔགས།

ཨ་བྷི་ཥེ་ཀའང་བཟླ། 

མཐར་མཆོད་ཅིང་བསྟོད་ལ།

ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ།

བསྟོད་པར་འོས་པ་ཐམས་ཅད་ལ། །

ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །

ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །

མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །

ཡི་གེ་བརྒྱ་པས་ནོངས་པ་བཤགས་

ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་

བུམ་པའི་ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམ། 

རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་པའང་བྱའོ།། །།

གཉིས་པ་རབ་གནས་དངོས་ཀྱི་ཆོ་ག་ལ་རྣམ་གྲངས་བཅུ་གཅིག་ལས།

ཐོག་མར་བགེགས་སྦྱོང་བ་ནི།

གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཞིང་།

ཨོཾ་སརྦ་བིགྷྣཱན་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་ཞི་བ།

ཏིང་ལོ་དང་ཆང་བུས་བསྐོར་ཞིང་།

སུམྦྷ་གསུམ་གྱིས་ཕྱེད་མ་

བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ།

རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ།

ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་ས་མ་ཛཿས་སྤྱན་དྲང་། 

ཨོཾ་བཛྲ་ཀྲོ་དྷ་ར་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། 

ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །

བགེགས་རྣམས་མ་ལུས་འཇོམས་མཛད་པ། །

དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །

བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །

ཅེས་བསྟོད་ནས།

ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།

སངས་རྒྱས་ཀྱི་བཀའ་བདེན་པ་དང་།

ཆོས་ཀྱི་བཀའ་བདེན་པ་དང་།

དགེ་འདུན་གྱི་བཀའ་བདེན་པ་དང་།

གསང་སྔགས་དང་།

རིག་སྔགས་དང་།

གཟུངས་སྔགས་དང་།

སྙིང་པོ་དང་།

ཕྱག་རྒྱ་དང་།

ཏིང་ངེ་འཛིན་གྱི་བདེན་པ་དང་།

ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་།

ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་།

བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སའི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་རྣམ་པ་གཉིས་བསྐྱེད་དེ།

གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་དང་།

མཐར་ཐུག་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་རབ་ཏུ་གནས་པར་བགྱི་བ་ལ་བར་དུ་གཅོད་ཅིང་།

གླགས་བལྟ་བའི་གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིང་། །

གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ།

ཨོཾ་སུམྦྷ་སོགས་བརྗོད་ཅིང་། 

ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་བདུག །རོལ་མོའི་ཚམ་རྔམས་དང་བཅས་པས་ཕྱི་རོལ་དུ་བསྐྲད་པ་ནི་དྲག་པོས་སྦྱོང་བའོ། །

གཉིས་པ་ཁྲུས་ཀྱི་བྱ་བ་ནི།

ཐོག་མར་དཀྱིལ་འཁོར་སོགས་དང་རྟེན་རིང་བསྲེལ་ཅན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་།

གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།

བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ།

བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་རྣམས་ལ་བདག་ཅག་གིས་ཡོ་བྱད་དང་ལྡན་པའི་སྒོ་ནས་སྐུ་ཁྲུས་དམ་པ་གསོལ་བར་བགྱིའོ། །

ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །

ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །

རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །

མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །

དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །

རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །

ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །

རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ།

ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །

ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །

ལྷ་ཡི་ཆུ་ནི་དག་པ་ཡིས། །

དེ་བཞིན་བདག་གིས་ཁྲུས་བགྱིའོ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།

ཞེས་དང་། ཁྲུས་རས་ཀྱིས་ཕྱི་ཞིང་།

དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །

གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །

ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ།

ཁྲུས་ཆུ་དེ་ཉིད་སླར་ཡང་བུམ་པར་བླུགས་ལ། རྟེན་གསར་པ་རྣམས་དངོས་སམ་གཟུགས་བརྙན་ལ་ཁྲུས་གསོལ་ཞིང་།

འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །

ཐུགས་རྗེའི་ཆུ་ནི་བླ་ན་མེད། །

བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །

ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ།

འདི་ནི་སྦྱིན་པའི་རང་བཞིན་ཆུ། །

སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །

གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །

ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།

འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །

ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །

ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུ། །

ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།

འདི་ནི་བཟོད་པའི་རང་བཞིན་ཆུ། །

ཁོང་ཁྲོ་དྲི་མ་སྦྱོང་མཛད་ཅིང༌། །

བྱམས་པ་དྲི་ཡིས་ལེགས་བགོས་ཆུ། །

ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།

འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །

ལེ་ལོ་དྲི་མ་སྦྱོང་མཛད་ཅིང༌། །

བརྩོན་འགྲུས་དྲི་ཡིས་ལེགས་བགོས་ཆུ། །

ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།

འདི་ནི་བསམ་གཏན་རང་བཞིན་ཆུ། །

རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང༌། །

ཏིང་འཛིན་དྲི་ཡིས་ལེགས་བགོས་ཆུ། །

ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།

འདི་ནི་ཤེས་རབ་རང་བཞིན་ཆུ། །

ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །

ཡེ་ཤེས་དྲི་ཡིས་ལེགས་བགོས་ཆུ། །

ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།

དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །

གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །

ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ལ་བི་ཤོ་དྷ་ན་ཡེ་སྭཱ་ཧཱས་སྐུ་ཕྱི་རྣམས་བྱ།

མཐར་དྲི་ལྔས་ཐུགས་ཀར་བྱུགས་ལ།

སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་གྱུར་པའི། །

དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །

གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །

འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །

ཨོཾ་བཛྲ་གྷནྡྷེ་སྭཱ་ཧཱ།

ན་བཟའ་འབུལ་ལ།

དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །

ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །

གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །

རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་འབུལ་བར་བགྱི། །

ཨོཾ་བཛྲ་ཝསྟྲ་ཡེ་པྲ་ཏཱིཙྪ་སྭཱ་ཧཱ།

སྤོས་མེར་བདུག་ཅིང་སྤྲོ་ན་རྗེས་འབྲེལ་དུ་ཤིས་བརྗོད་ཇི་ལྟར་རིགས་པའང་བྱའོ། །

གསུམ་པ་བརྟེན་བསྐྱེད་པ་ནི།

སྒྲུབ་དཀྱིལ་གང་ལ་བརྟེན་པའི་མདུན་བསྐྱེད་ལྟར་རམ། བྱེ་བྲག་ཏུ་བསྐྱེད་ན།

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ། གྱིས་བསང༌།

ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་ཧཾ། གྱིས་སྦྱང༌།

སྟོང་པའི་ངང་ལས་སྐུ་རྟེན་དང་མཆོད་རྟེན་གཙུག་ལག་ཁང་ལ་སོགས་པ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་གཡས་འཁོར་ལོ་དང་གཡོན་དྲིལ་བུ་འཛིན་པ།

སྤྱན་མ་དཀར་མོ་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ། 

གླེགས་བམ་རྣམས་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨཱྃཿལས་པདྨ་ཨཱྃཿགིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པ།

གོས་དཀར་མོ་དམར་མོ། གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ།

ཕྱག་མཚན་རྣམས་གླང་པོས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ།

དབྱིངས་ཕྱུག་མ་སྔོན་མོ་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ།

གཞན་ཡང་རིན་པོ་ཆེའི་བྱེ་བྲག་དང་བང་མཛོད་སོགས་རིན་འབྱུང་། གོ་ཆ་རོལ་མོ་སྲུང་བའི་རིགས་སོགས་དོན་གྲུབ་ཏུ་བསྐྱེད་པར་བཤད་དོ། །གང་ལྟར་ཡང་མཐར།

ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་ཟེར་མཐའ་ཡས་པར་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །

དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ།

མགྲིན་པར་ཨཱཿདམར་པོ།

ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་བསམ་མོ། །

བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ

བཞི་པ་སྤྱན་དྲང་པ་ནི།

མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །

བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །

དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །

བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །

ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །

སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །

མི་ཕམ་མགོན་ལ་རྒྱལ་ཚབས་དབང་བསྐུར་ནས། །

གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །

གླང་ཆེན་ཐལ་དཀར་སྟབས་གཤེགས་ལྷུམ་ཞུགས་ལྟར། །

རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །

ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །

དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །

རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །

ཞེས་པས་སྤྱན་དྲང་།

བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །

ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །

ཇི་སྲིད་མཆོད་པ་བདག་བགྱིད་ན། །

དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །

པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་འབུལ།

ཨོཾ་བཛྲ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝ་དྱ་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད།

ལྔ་པ་དགུག་གཞུག་བྱ་བ་ནི།

ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བྃ། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཧོཿ

ཞེས་པས་དགུག་གཞུག་བཅིང་མཉེས་དགྱེས་པ་བསྐྱེད།

དྲུག་པ་རྒྱས་གདབ་པ་ནི།

ཨོཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །

རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །

དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །

སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ།

ཨཱཿདཔལ་ལྡན་སངས་རྒྱས་གསུང་འཆང་བ། །

རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །

དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །

གསུང་གི་དབྱིག་ཏུ་དབང་བསྐུར་རོ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷ་ཝ་ཨཱ་ཏཱ་ཀོ྅་ཧཾ།

ཧཱུྃ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །

རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །

དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །

ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ།

ཞེས་རྒྱས་གདབ་བོ། །

བདུན་པ་དབང་བསྐུར་བ་ནི།

རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ།

ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། 

ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །

གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །

ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །

རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །

ཅེས་བསྟོད་ནས།

རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །

འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །

ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །

དེ་ལྟར་འདི་ལའང་སྩལ་དུ་གསོལ། །

ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་བའི་དགོངས་པ་མཛད།

ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར།

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད།

ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེང་ཞིང་རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབས།

ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་པར་བསམ།

བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །

ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །

མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །

དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །

ཅེས་དང་།

ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །

ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །

ལྷ་ཡི་ཆུ་ནི་དག་པ་ཡིས། །

དེ་བཞིན་བདག་གིས་དབང་བསྐུར་རོ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ།

ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྣམ་སྣང་སོགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ།

ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ པཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མུ།

ཞེས་དབུ་རྒྱན་གྱིས་དབང་བསྐུར།

ཨོྂ་ཏྲུཾ།

ཞེས་གོ་བགོས།

ཨོཾ་བཛྲ་ཏུཥྱ་ཧོ།

ཞེས་རྡོ་རྗེ་ཐལ་མོས་མཉེས་པར་བྱའོ། །སྤྲོ་ན།

དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །

ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །

མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །

ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །

ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། 

བརྒྱད་པ་སྤྱན་དབྱེ་བ་ནི།

གསེར་ཐུར་གྱིས་དབྱེ་བའི་ཚུལ་དང་བཅས།

ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །

འཇིག་རྟེན་རབ་རིབ་བསལ་བ་ལྟར། །

རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྤྱན། །

སེམས་ཅན་དོན་དུ་དབྱེ་བར་བྱ།

ཨོཾ་ཙཀྵུཿཙཀྵུཿས་མནྟ་ཙཀྵུཿབི་ཤོ་དྷ་ནི་སྭཱ་ཧཱ།

ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཅིང་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །

དགུ་པ་རྟེན་བསྒྱུར་བ་ནི།

སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རྟེན་གྱི་གཟུགས་བརྙན་མེ་ལོང་གི་ངོས་སུ་ཤར་བ་ལ་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པས།

ཨོཾ་ཨཱཿཧཱུྃ་སྭཱ་ཧཱ།

ལན་གསུམ་བརྗོད་པས།

བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་སྐུ་གསུང་ཐུགས་སོ་སོའི་སྣང་བརྙན་གསལ་ལ་མ་འདྲེས་པ་ཡོངས་སུ་རྫོགས་པའི་མཐུ་བྱིན་དང་ལྡན་པར་བསམ།

བཅུ་པ་མངའ་དབུལ་བ་ལ་བཞི་ལས།

དང་པོ་མཆོད་བསྟོད་ཀྱིས་སྤྱིར་མངའ་དབུལ་བ་ནི།

མཆོད་པ་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། ཉེར་སྤྱོད། རིན་ཆེན་བདུན། འདོད་ཡོན་ལྔ། ལྷ་མོ་བཅུ་དྲུག་རྣམས་སྤྱི་ལྟར་འབུལ། དེ་ཙམ་མི་ནུས་ན།

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ།

ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་ཧཾ།

ཕྱོགས་བཅུ་རབ་འབྱམས་ནམ་མཁའི་ཁམས་གང་བའི། །

མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །

མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །

ཀུན་བཟང་རྣམ་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ།

ཨོཾ་སརྦ་ཏ་ཐཱ་ག་ཏ་པཱདྱཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ།

ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ།

ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུཔེ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ།

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ།

ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ།

ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝ་དྱ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ།

ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྡ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། དེ་བཞིན་ཏུ་ཤབྡའི་བར་སྦྱར་བས་ཉེར་སྤྱོད། 

མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །

སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །

བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །

འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །

ཨོཾ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། གིས་རིན་ཆེན་བདུན། 

ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །

རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །

མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །

བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །

ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། གིས་འདོད་ཡོན་ལྔ་རྣམས་ཀྱིས་མཆོད། 

རྡོ་རྗེ་དྲིལ་བུ་འཛིན་པས། མཉམ་ཉིད་མི་གཡོ་སོགས་སངས་རྒྱས་སྤྱི་ཡི་བསྟོད་པའམ།

བསྡུ་ན།

ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །

གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །

ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །

རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །

 

བསྟོད་པར་འོས་པ་ཐམས་ཅད་ལ། །

ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །

ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །

མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །སོགས་ཀྱིས་བསྟོད། 

གཉིས་པ་བྱེ་བྲག་ཏུ་ཉེ་བར་མཁོ་བས་མངའ་དབུལ་བ་ནི།

མཎྜལ་གྱི་བཀོད་པ་འབུལ་ཞིང་།

ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །

རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །

འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །

ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་ཨཱཿཧཱུྃ།

དྲིའི་བྱུགས་པ་ཕུལ་ལ།

སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །

དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །

གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །

འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །

ཨོཾ་བཛྲ་གྷནྡྷེ་སྭཱ་ཧཱ།

ན་བཟའ་ཕུལ་ལ།

སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །

གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །

གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །

བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །

ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ།

རྒྱན་སྣ་ཚོགས་ཕུལ་ལ།

རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །

རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །

རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །

མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །

ཨོཾ་བཛྲ་བི་ཤྭ་རཏྣ་ཨཱ་ལཾ་ཀ་ར་ཡེ་སྭཱ་ཧཱ།

གསུམ་པ་ཙཱ་རུའི་བཟའ་བ་ཞལ་ཟས་ཀྱི་མངའ་དབུལ་ནི།

ལྷ་བཤོས་གཙང་མ་ཉིད་ཆབ་ཀྱིས་བྲན་ལ།

ན་མསྶརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་པས།

རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ཀྱི་ཞལ་ཟས་འདོད་ཡོན་གྱི་དངོས་པོ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། 

ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །

ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །

དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །

འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་པས་འབུལ། 

བཞི་པ་སྔགས་ཀྱིས་མངའ་འབུལ་བ་ནི།

རྟེན་རྣམས་ལ་གཟུངས་ཐག་སེར་པོ་བཏགས་པའི་སྣེ་མོ་ནས་སློབ་དཔོན་གྱིས་བཟུང་ཞིང་།

གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར།

ཅེས་བརྗོད་ཅིང་བསམས་ལ། བདག་བསྐྱེད་ཀྱི་སྙིང་པོའི་མཐར།

སུ་པྲ་ཏིཥྛ།

ཨོཾ་ཧཱུྃ་ཧྲཱིཿབྷུ་ཁཾ་བཛྲི་བྷ་ཝ་དྲྀ་ཌྷ་ཏིཥྛ་བྷུ་ཁཾ་སྭཱ་ཧཱ།

དང་། རྟེན་འབྲེལ་སྙིང་པོ་རྣམས་ཅི་ནུས་བཟླ། རྗེས་འབྲེལ་དུ།

ཡེ་དྷརྨཱ་སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་པའི་ཤིས་པ་རྒྱ་ཆེར་བརྗོད་པས་མངའ་གསོལ་ཞིང་མེ་ཏོག་གི་ཆར་ཕབ།

ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །

འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །

སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །

དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །

དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་གཡོ་མེད་པ། །

འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །

ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །

དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །

དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང༌། །

དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱིས་གནས། །

ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །

དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །

བཅུ་གཅིག་པ་གསོལ་བ་གདབ་པ་ནི།

ཡི་གེ་བརྒྱ་པ་ལན་གསུམ་སྔོན་དུ་འགྲོ་བས།

མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །

སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །

མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །

ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །

བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཀྱིས་མཆོད། 

དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །

དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །

རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །

བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །་ཀྱིས་བསྟོད། 

རྟེན་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་བཟུང་། ཐལ་མོ་སྦྱར་བས་བཏུད་དེ།

ཇི་སྲིད་ས་ཆུ་མེ་དང་ནི། །

རླུང་གི་བསྐལ་པས་འཇིག་བར་དུ། །

སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །

བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །

འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །

འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །

ནད་མེད་ཚེ་དང་དབང་ཕྱུག་དང་། །

མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །

ཞེས་དང་།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ།

ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་པ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ།

ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ།

བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ།

ལན་གསུམ་གྱིས་གསོལ་བ་གདབ།

རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ལ།

ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། །

སླར་ཡང་མཆོད་བསྟོད་ཀྱང་བྱའོ། །

ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ།

བསྟོད་པར་འོས་པ་ཐམས་ཅད་ལ། །

ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །

ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །

མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །

གསུམ་པ་རྗེས་ཀྱི་ཆོ་ག་ལ་དྲུག་ལས།

དང་པོ་གཏོར་མ་བཏང་བ་ནི།

ནང་དུ་རྡོ་རྗེའི་ཆོས་སྲུང་རྣམས་དང་། ཕྱི་རོལ་དུ་ཕྱོགས་སྐྱོང་འབྱུང་པོ་རྣམས་ལ་གཏོར་མའི་ཆོ་ག་ཇི་ལྟར་རིགས་པས་འབུལ་ལོ། །

གཉིས་པ་སྲུང་མ་བསྒོ་བ་ནི།

གནས་དང་རྟེན་གང་ལ་གཉེར་གཏད་པར་འདོད་པ་དེ་ཉིད་ཀྱི་གཏོར་མ་ཟུར་དུ་བཤམས་ནས་ཕུལ།

རྡོ་རྗེ་བཀའ་ནན་གྱི་རྒྱ་བཅིངས་ཏེ།

ཨོཾ་བཛྲ་རཀྵ་ཧཾ།

ཞེས་དང་། རྡོ་རྗེ་རྩེ་ལྔ་པའི་རྒྱ་སྤྱི་བོར་རེག་པར་མོས་ལ།

ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ།

ཅེས་པས་དམ་ལ་བཞག །

རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་ཁྱེད་རྣམས་ཀྱིས། གནས་དང་རྟེན་འདི་རྣམས་སྲུང་ཞིང་སྐྱོང་བ་དང་། མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པར་འབྱུང་བའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། 

གསུམ་པ་དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་ནི་ལས་གཞུང་ལྟར་བྱའོ། །

བཞི་པ་ཡོན་བདག་བསྒོ་པ་ནི།

བཀྲ་ཤིས་པའི་རྫས་དང་མཆོད་པའི་ཡོ་བྱད་རྣམས་འདུ་བྱས་ནས་ཡོན་བདག་ཉེ་ལོགས་སུ་སྟན་བཟང་པོ་ལ་འཁོད་པར།

བདེར་གཤེགས་ལྷག་མ་འདི་དག་ནི། །

གསོལ་ཞིག་སྡིག་པ་བྱང་བར་འགྱུར། །

ཞེས་བརྗོད་ཅིང་དཔོན་སློབ་ཐམས་ཅད་ལ་ཙཱ་རུའི་བཟའ་བ་འགྲིམ།

སློབ་དཔོན་གྱིས་སྤྲོ་ན་སྤྱི་དང་བྱེ་བྲག་གི་ལུང་གིས་རྒྱབ་སྐྱོར་ཏེ་སྐབས་སུ་བབ་པའི་བཤད་པས་མཚམས་སྦྱར་བའམ། གང་ལྟར་ཡང་།

ཁྱོད་ཀྱིས་ང་ལ་གང་གསོལ་པའི། །

སྐུ་གཟུགས་དག་ནི་ཁྱད་པར་དུ། །

ཇི་ལྟར་གསུངས་པ་ཇི་བཞིན་དུ། །

དེ་དག་དོན་ནི་ངས་བྱས་ཏེ། །

དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །

ཅི་བདེ་བར་ནི་མཆོད་པར་བྱོས། །

ཁྱོད་ཀྱིས་ང་ལ་གང་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་བར་བྱས་ཀྱི།

ཁྱོད་ཀྱིས་འདི་རྣམས་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །

དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་འཆད་པར་གྱིས་ཤིག །

ཅེས་གདམས་པ་དང་དེས་ཀྱང་མཆོད་པའི་བྱེ་བྲག་རྣམས་ལག་གིས་བསྟར་ཏེ་རྟེན་གྱི་དྲུང་དུ་བཀོད་པས་མཛེས་པར་བཤམས་ལ།

དཔོན་སློབ་རྣམས་མགྲིན་གཅིག་པར་བསངས་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས།

རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་སྔགས་དང་བཅས་པ་ཇི་ལྟར་རིགས་པས་དབུལ།

རབ་འབྱམས་རྒྱ་མཚོའི་དཔག་མེད་ན། །

མཆོད་ཡོན་ཇི་སྙེད་ཡོད་པ་དང་། །

བདག་གིས་གུས་པས་བཤམས་པ་འདི། །

རྒྱལ་བ་སྲས་དང་བཅས་ལ་འབུལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ།

 

རབ་འབྱམས་རྒྱ་མཚོའི་དཔག་མེད་ན། །

ཞབས་བསིལ་ཇི་སྙེད་ཡོད་པ་དང་། །

བདག་གིས་གུས་པས་བཤམས་པ་འདི། །

རྒྱལ་བ་སྲས་དང་བཅས་ལ་འབུལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པདྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ།

 

རབ་འབྱམས་རྒྱ་མཚོའི་དཔག་མེད་ན། །

མེ་ཏོག་ཇི་སྙེད་ཡོད་པ་དང་། །

བདག་གིས་གུས་པས་བཤམས་པ་འདི། །

རྒྱལ་བ་སྲས་དང་བཅས་ལ་འབུལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱི་ཙྪ་སྭཱ་ཧཱ།

 

རབ་འབྱམས་རྒྱ་མཚོའི་དཔག་མེད་ན། །

བདུག་སྤོས་ཇི་སྙེད་ཡོད་པ་དང་། །

བདག་གིས་གུས་པས་བཤམས་པ་འདི། །

རྒྱལ་བ་སྲས་དང་བཅས་ལ་འབུལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་དྷུ་པེ་པྲ་ཏཱི་ཙྪ་སྭཱ་ཧཱ།

 

རབ་འབྱམས་རྒྱ་མཚོའི་དཔག་མེད་ན། །

སྣང་གསལ་ཇི་སྙེད་ཡོད་པ་དང་། །

བདག་གིས་གུས་པས་བཤམས་པ་འདི། །

རྒྱལ་བ་སྲས་དང་བཅས་ལ་འབུལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨ་ལོ་ཀེ་པྲ་ཏཱི་ཙྪ་སྭཱ་ཧཱ།

 

རབ་འབྱམས་རྒྱ་མཚོའི་དཔག་མེད་ན། །

དྲི་ཆབ་ཇི་སྙེད་ཡོད་པ་དང་། །

བདག་གིས་གུས་པས་བཤམས་པ་འདི། །

རྒྱལ་བ་སྲས་དང་བཅས་ལ་འབུལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་གཎྜེ་པྲ་ཏཱི་ཙྪ་སྭཱ་ཧཱ།

 

རབ་འབྱམས་རྒྱ་མཚོའི་དཔག་མེད་ན། །

ཞལ་ཟས་ཇི་སྙེད་ཡོད་པ་དང་། །

བདག་གིས་གུས་པས་བཤམས་པ་འདི། །

རྒྱལ་བ་སྲས་དང་བཅས་ལ་འབུལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ནཻཝིཏྱ་པྲ་ཏཱི་ཙྪ་སྭཱ་ཧཱ།

 

རབ་འབྱམས་རྒྱ་མཚོའི་དཔག་མེད་ན། །

སིལ་སྙན་ཇི་སྙེད་ཡོད་པ་དང་། །

བདག་གིས་གུས་པས་བཤམས་པ་འདི། །

རྒྱལ་བ་སྲས་དང་བཅས་ལ་འབུལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཤབྟ་པྲ་ཏཱི་ཙྪ་སྭཱ་ཧཱ།

 

ལྔ་པ་ཤིས་པར་བྱ་བ་ནི།

བགེགས་བསལ་བའི་སླད་དུ་སྦྱོང་བ་གསུམ་སྔར་བཞིན་ལ།

བདེན་བརྗོད་སྐབས།

བདེན་པ་ཆེན་པོའི་བྱིན་རླབས་ཀྱིས།

ཞེས་པའི་མཚམས།

དེང་འདིར་རབ་ཏུ་གནས་པར་བྱས་པའི་རྟེན་རྣམས་དང་།

སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ་བཀྲ་ཤིས་པ་དང་།

མཐུན་རྐྱེན་བསོད་ནམས་ཀྱི་ལེགས་ཚོགས་སྤེལ་བ་ལ་བར་དུ་གཅོད་ཅིང་གླགས་ལྟ་བའི་འབྱུང་པོ་གདོན་བགེགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག་

སོགས་དྲག་སྔགས་སྤོས་རོལ་ཚམ་རྔམ་གྱིས་བསྐྲད་པ་སྔོན་དུ་འགྲོ་བས།

རྫས་དང་སྦྱིན་བདག་རྣམས།

ཨ་མྲྀ་ཏས་བསང་། 

སྭ་བྷཱ་ཝས་སྦྱང་། 

སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་སྐད་ཅིག་གིས་གནོད་སྦྱིན་བྱེ་བའི་སྡེ་དཔོན་ཆེན་པོ་ཛམྦྷ་ལའི་སྐུར་གྱུར་པའི་མདུན་དུ།

མྃ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར།

ཨོཾ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ། ཞེས་པས་བྱིན་བརླབས་ལ། 

མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །

ཞེས་སོགས་ཀྱིས་རྫས་རྣམས་རེ་རེ་བཞིན་དུ་ཡོན་བདག་ལ་གཏད་ཅིང་།

དེས་ཀྱང་རྟེན་ལ་འབུལ་བའི་ཚུལ་བྱ།

སླར་ཡང་མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་ཤིས་པ་བརྗོད་པའི་ཚངས་དབྱངས་དི་རི་རི་སྒྲོག་ཅིང་མེ་ཏོག་མན་དཱ་རའི་ཆར་ཆེན་པོ་ཕབས་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་དུ་ཁྱབ་པར་བྱས་པའི་མོས་པ་མཛོད།

ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །

འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །

སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །

དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །

དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་གཡོ་མེད་པ། །

འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །

ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །

དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །

དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང༌། །

དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱིས་གནས། །

ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །

དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །

 

རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང༌། །

ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང༌། །

གསང་སྔགས་རིག་སྔགས་ཀུན་གྱི་མཐུ་སྟོབས་དང༌། །

བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །

བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང༌། །

བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང༌། །

སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །

གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །

མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང༌། །

མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །

བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །

ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །

ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །

ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང༌། །

བཟོད་པ་བསྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང༌། །

མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ། །

དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

 

ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །

ཉི་མའི་གུང་ཡང་བདེ་ལེགས་ཤིང༌། །

ཉིན་མཚན་རྟག་ཏུ་བདེ་ལེགས་པ། །

དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །

དཔལ་ལྡན་བླ་མས་དེང་འདིར་སྩོལ། །

ཡི་དམ་ལྷ་ཡིས་དེང་འདིར་སྩོལ། །

ཆོས་སྐྱོང་སྲུང་མས་དེང་འདིར་སྩོལ། །

གཞི་བདག་རྣམས་ཀྱིས་དེང་འདིར་སྩོལ། །

འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །

སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །

སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །

ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །

འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །

ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ། །

བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །

དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་སྤང་བྱ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །

ཛ་ཡ་ཛ་ཡ་སུ་ཛ་ཡ། །

སོགས་ཀྱིས་ཤིས་བརྗོད་དང་དགའ་སྟོན་རྒྱ་ཆེར་བྱ།

དྲུག་པ་དགེ་བ་བསྔོ་བ་ནི།

དེ་ལྟར་བསྒྲུབས་པའི་ལེགས་བྱས་ཀྱིས་མཚོན་ཏེ་དུས་གསུམ་བསགས་པའི་དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་བཟང་པོ་བཞི་ལྡན་གྱི་ཡོངས་སུ་བསྔོ་བས་རྒྱས་གདབ་པ་དང་།

སྨོན་ལམ་གྱི་མཐུན་འགྱུར་ཀྱང་ཇི་ལྟར་རིགས་པར་རྒྱས་པར་བྱའོ། །

གལ་ཏེ་དེ་ལས་བསྡུས་པར་འདོད་ན། བདག་བསྐྱེད་སྔོན་དུ་འགྲོ་བས་ལས་བུམ་བསྒྲུབ། སྦྱོང་བ་ནས་བརྩམས་ཏེ་རྟེན་བསྒྱུར་བའི་བར་སྔར་བཞིན་ལ། མཆོད་བསྟོད་དང་སྔགས་ཀྱིས་མངའ་དབུལ་གསོལ་གདབ་བཅས་ཀྱི་མཐར་བདག་བསྐྱེད་ཀྱི་རྗེས་ཆོག་རྣམས་བྱ།

ཤིན་ཏུ་བསྡུས་པ་ནི།

བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་དུ་གསལ་ཞིང་བདེན་སྟོབས་བརྗོད་པས་བགེགས་སྦྱང་། གྲུབ་ན་རྟེན་རྙིང་པ་ལ་ལྷ་ཁྲུས་གསོལ་བའི་བུམ་པའི་ཆུས་ཁྲུས་ཀྱི་བྱ་བ་མདོར་བསྡུས་བྱ། རྟེན་བསྐྱེད་ནས་དབང་བསྐུར་ཡན་སྔར་ལྟར་ལ། དེ་ནས་སྤྱན་དབྱེ་ཞལ་བསྒྱུར། མཆོད་བསྟོད། གསོལ་གདབ་བཅས་ཀྱི་མཐར་བཀྲ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བས་གྲུབ་པ་ཡིན་ནོ། །

དམ་ཚིག་གཟུགས་བརྙན་སྤྲུལ་པའི་དཀྱིལ་འཁོར་དུ། །
ཡེ་ཤེས་ལྷག་པར་གནས་པའི་ཆོ་ག་ནི། །
སྙིང་པོར་དྲིལ་ཏེ་ལེགས་པར་སྦྱར་བའི་དགེས། །
འགྲོ་ཀུན་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །

 

ཅེས་པའང་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་གཞུང་རྒྱ་ཆེན་པོ་ལས། གནས་སྐབས་འགའ་ཞིག་ཏུ་མདོར་བསྡུས་པའི་ཚུལ་གྱི་ཆོ་གའི་ཡན་ལག་མཉམས་པར་བསྒྲུབ་པར་འདོད་པ་རྣམས་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་མཉྫུ་གྷོ་ཥས་ལེགས་པར་སྦྱར་བའི་དགེ་བས་འཇིག་རྟེན་གསུམ་ན་དགེ་ལེགས་ཀྱི་སྣང་བས་དུས་རྟག་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Depiction of Mahābodhi Stūpa

This website uses cookies to collect anonymous usage statistics and enhance the user experience.
Decline
Accept