The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Kurukullā Tsok Offering—Tibetan

English | བོད་ཡིག

༄༅། །རིགས་བྱེད་དབང་མོའི་ཚོགས་མཆོད་མདོར་བསྡུས།

 

རྃ་ཡྃ་ཁྃ། ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ། །

ཡེ་ཤེས་རྣམ་ལྔ་ཞུ་བའི་བཅུད། །

ཁ་དོག་དྲི་རོ་ནུས་པའི་གཏེར། །

འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར། །

ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ

ཧྲཱིཿ རིགས་བདག་བླ་མ་འོད་དཔག་མེད། །

ཡི་དམ་དབང་ཆེན་རྟ་མཆོག་དཔལ། །

ཁྱད་པར་མཁའ་འགྲོ་རྒྱ་མཚོའི་གཙོ། །

དྲན་པས་འཁོར་འདས་ཕུན་ཚོགས་ཀུན། །

དབང་མཛད་ཀུ་རུ་ཀུལླེ་ཡུམ། །

འབུམ་ཕྲག་ཡངས་པའི་ཌཱ་ཀི་དང་། །

ལྷ་ཆེན་མ་ཧཱ་དེ་ཝ་ཡབ། །

བཙུན་མོ་ཨུ་མ་དེ་ཝཱི་སོགས། །

རབ་འབྱམས་དབང་གི་བཀའ་འཁོར་ཀུན། །

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །

སྲིད་ཞིའི་འདོད་ཡོན་རྒྱ་མཚོའི་སྤྲིན། །

ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་། །

དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས། །

བརྟན་གཡོའི་རྒུད་པ་མ་ལུས་སོལ། །

ལེགས་ཚོགས་ཡོན་ཏན་ཐམས་ཅད་དང་། །

ཁྱད་པར་དམིགས་ཡུལ་སྙིང་རྩ་སྒུལ། །

ཐོགས་པ་མེད་པར་དབང་དུ་བསྡུས། །

བདག་ཅག་ཚེ་བསོད་དཔལ་འབྱོར་སྤེལ། །

ལས་བཞི་གྲུབ་བརྒྱད་དབང་བཅུ་སོགས། །

མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབས། །

ཨོཾ་གུ་རུ་དེ་བ་ཌཱ་ཀི་ནི་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་སརྦ་ག་ཎ་ཙཀྲ་པཱུ་ཛཱ་ཧོ། མ་ཧཱ་བ་ལིཾ་ཏ་ཁཱ་ཧི།

ཡིག་བརྒྱ་བརྗོད།

ཧྲཱིཿ དཀྱིལ་འཁོར་གཉེན་པོའི་མཐའ་སྐྱོང་བ། །

ལྷག་ལ་དབང་བ་དྲེགས་པའི་ཚོགས། །

འདིར་གཤེགས་བཟའ་བཏུང་ཚོགས་ལྷག་བཞེས། །

རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད།

ཨུ་ཙྩི་ཏ་བ་ལིཾ་ཏ་ཁཱ་ཧི།

དབང་མཛད་མཁའ་འགྲོའི་ལྷ་ཚོགས་ལ། །

འདོད་ཡོན་མཆོད་པ་ཕུལ་བ་ཡིས། །

རླུང་སེམས་སྣང་བ་དབང་དུ་འདུས། །

བདེ་ཆེན་ཡེ་ཤེས་འགྲུབ་པར་ཤོག །

ཅེས་སྨོན་ལམ་གདབ་བོ།

 

མངྒ་ལཾ།

 

ཞེས་པ་འདི་མཛད་བྱང་མི་གསལ་ཀྱང་། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྱག་བྲིས་འཁྲུལ་མེད་ལས་ཞལ་བཤུས་པ་ཡིན་པས་རྗེ་ཉིད་ཀྱི་གསུངས་ཡིན་པར་ངེས་སོ། །

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Kurukullā

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept