The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

In Praise of Lumbinī—Tibetan

English | བོད་ཡིག

༄༅། །ལུམྦི་ནཱི་ལ་བསྟོད་པ་པདྨ་དཀར་པོ།

ཨོཾ་སྭསྟི།
ཀུན་ཏུ་སྙན་པའི་བ་དན་ཆེ། །
སྲིད་པ་གསུམ་ན་རབ་སྒྲེངས་པ། །
མཚན་མཆོག་ལྡན་པ་ཟླ་བའི་ཞལ། །
ཐུབ་པའི་དབང་པོ་ལ་ཕྱག་འཚལ། །

ངོ་མཚར་གཟིགས་པ་རྣམ་པ་ལྔས། །
ལྷ་བུ་དམ་པ་ཏོག་དཀར་པོ། །
ཛམ་གླིང་སེར་སྐྱའི་གྲོང་ཁྱེར་དུ། །
ཟས་གཙང་སྲས་སུ་ཉེར་བལྟམས་ཚེ། །
ཡུམ་ཆེན་སྒྱུ་མ་ཆེན་མོ་ཡི། །
གསེར་མངལ་ནོར་བུའི་གཞལ་མེད་ཁང་། །
བྱིན་གྱིས་བརླབས་ཤིང་ཆོས་སྟོན་མཛད། །
ས་བཅུའི་གྲངས་ནི་རྫོགས་པའི་ཚེ། །
གནོད་པ་མེད་པར་རྩིབ་གཡས་ནས། །
སྐྱེས་བུ་གཞོན་ནུ་བྱོན་པ་ན། །
ཚངས་དང་བརྒྱ་བྱིན་རས་དཀར་གྱིས། །
སྐུ་ལྕིབས་དང་བཅས་ཉེ་བར་འཁྲུངས། །
དེ་ཚེ་གོམ་པ་བདུན་འདོར་སར། །
དྲི་བྲལ་པདྨ་གཞོན་ནུ་ནི། །
ཉེ་བར་བཞད་དང་ལྷན་ཅིག་ཏུ། །
འོད་ཀྱི་སྣང་བ་ཆེན་པོས་ཁྱབ། །
ལྷ་ཡི་བདུད་རྩིས་དག་བྱས་ཤིང་། །
མཚན་མཁན་གྱིས་ནི་ལེགས་བརྟགས་ཚེ། །
འཁོར་ལོས་བསྒྱུར་བའམ་སངས་རྒྱས་སུ། །
འགྱུར་རོ་ཞེས་ནི་རབ་ཏུ་བསྒྲགས། །
དེ་ཡི་དུས་སུ་ལྷ་རྣམས་ནི། །
སྨིན་མའི་གཟེངས་མཐོ་གད་མོ་སྒྲོགས། །
བདུད་ཀྱི་ཚོགས་རྣམས་དཔའ་ཞུམ་སྟེ། །
སྨྲེ་སྔགས་དང་ནི་ཆོ་ངེ་འདོན། །
འཇིག་རྟེན་དགེ་བའི་ལྟས་བཟང་པོ། །
གྲངས་མེད་དག་ཀྱང་ལྷན་ཅིག་སྣང་། །
རྩོད་པའི་དུས་འདིར་སྨོན་ལམ་བཟང་། །
ལྔ་བརྒྱའི་བདེན་འབྲས་མངོན་དུ་སྣང་། །
དེ་ལྟར་སྐྱེས་བུ་ཁྱུ་མཆོག་གི །
གཞོན་ནུའི་རོལ་རྩེད་མཛད་པ་དང་། །
བྱང་ཆུབ་སྙིང་པོར་གཤེགས་ནས་ཀྱང་། །
ཆོས་ཀྱི་རྔ་ཆེན་རབ་ཏུ་བསྒྲགས། །
དགྲ་བཅོམ་འཕགས་པའི་ཚོགས་རྣམས་ཀྱིས། །
ཉེ་བར་བསྟེན་པའི་གནས་འདི་ནི། །
གྲགས་པ་དོན་དང་ལྡན་པ་ཡི། །
མཐོང་གྲོལ་ཆེན་པོར་དད་པས་འདུད། །

དེ་ལྟར་བསྟོད་བསྔགས་ཕུལ་བའི་དགེས། །
ཞིང་ཁམས་རྒྱ་མཚོར་རྫོགས་སྨིན་སྦྱངས། །
དཔག་ཏུ་མེད་པས་འགྲོ་རྣམས་སྒྲོལ། །
ཐུབ་ཆེན་གོ་འཕང་མཆོག་ཐོབ་ཤོག །

ཅེས་པའང་གནས་མཆོག་འདི་ཉིད་མཇལ་བའི་ཚེ་དྭངས་པའི་ཡིད་ཀྱིས་དྲངས་པའི་ཚིག་གི་མེ་ཏོག་མངོན་པར་བཏུས་པ་འཇམ་དཔལ་དགའ་བའི་གོ་ཆས་སོ།། །།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Buddha’s Birth in Lumbinī

This website uses cookies to collect anonymous usage statistics and enhance the user experience.
Decline
Accept