The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Guide to Vairotsana Site—Tibetan

English | བོད་ཡིག

༄༅། །ཛཾ་ནང་བཻ་རོའི་སྒྲུབ་གནས་ཀྱི་དཀར་ཆག་བཞུགས་སོ།།

ཨོཾ་སྭསྟི། རྡོ་རྗེའི་བླ་མ་པདྨ་ཡིས། །རྡོ་རྗེའི་གར་གྱི་བྱིན་བརླབས་པ། །རྡོ་རྗེའི་མཚན་པའི་རི་བོའི་ཁོངས། །རྡོ་རྗེ་ཐེག་པའི་འབྱུང་གནས་ཀྱི། །གནས་ཆེན་གནས་ཕྲན་གྲངས་མེད་པ། །ཇི་སྙེད་གྲགས་པ་ཀུན་གྱི་གཙོ། །ཛཾ་གྱི་ལུང་པར་སྒྲུབ་གནས་ཀྱི། །གཙུག་ནོར་པདྨ་ཤེལ་ཕུག་ཡིན། །དེ་ཡི་མདུན་དུ་མཎྜལ་ཚུལ། །མངའ་བདག་ཆོས་རྒྱལ་ཡབ་སྲས་ཀྱིས། །ཨོ་རྒྱན་ཡབ་ཡུམ་གཙོ་འཁོར་ལ། །ཀུན་བཟང་མཆོད་སྤྲིན་སྤྲོ་བའི་གཞི། །དགོངས་པའི་རྩལ་ཆེན་ཡོངས་རྫོགས་པ། །ཡེ་ཤེས་སྤྱན་ལྡན་བཻ་རོ་རྗེའི། །བསྒྲུབ་པ་མཛད་པའི་ཕུག་ཆེན་པོར། །རྩ་གསུམ་ལྷ་ཚོགས་མངོན་སུམ་བཞུགས། །བླ་གཏེར་ཆོས་ནོར་བགྲང་ཡས་པ། །བསྟན་པའི་བཙས་སུ་སྦས་པ་ཉིད། །ཕྱི་མའི་དུས་སུ་རིག་པ་འཛིན། །འགྲོ་འདུལ་སྤྲུལ་པའི་སྒྱུ་མས་གཏོན། །ཕ་ཝང་ངོས་ལ་བརྡ་རིས་དང་། །ཨོ་རྒྱན་རྗེ་འབང་ཕྱག་ཞབས་རྗེས། །སངས་རྒྱས་བྱང་སེམས་སྣང་བརྙེན་སོགས། །ཕྱག་རྒྱའི་གཟུགས་སུ་བཀྲ་བ་དང་། །བཻ་རོའི་ཕྱག་འཁར་འཛུག་པ་ལས། །འཁྲུངས་པའི་ལྗོན་ཤིང་བཟང་པོ་སོགས། །ཁྱད་པར་འཕགས་པའི་བཀོད་པ་ནི། །མངོན་སུམ་མིག་གི་བདུད་རྩིར་གྲུབ། །རྩེ་གཅིག་དད་མོས་དྲག་པོ་ཡིས། །ཕྱག་བསྐོར་མཎྜལ་ཚོགས་སྐོང་དང་། །ལས་གཞིའི་མེ་མཆོད་སྒྲུབ་པ་སོགས། །བྱས་པས་འཕྲལ་རྐྱེན་ནད་གདོན་ཞི། །བསོད་ནམས་ལྷུན་པོ་ལྟར་མཐོ་ཞིང་། །ཡེ་ཤེས་ཉི་ཟླའི་དཀྱིལ་འཁོར་གསལ། །འོད་གསལ་ཁོར་ཡུག་ཀུན་ཏུ་ཁྱབ། །ཕན་བདེའི་པད་ཚལ་རྒྱས་པར་འགྱུར། །ཅེས་པའང་ཛཾ་ནང་གནས་འཛིན་བླ་མ་ནས་ལན་གྲངས་བསྐུལ་བ་དང་། ཉེ་ཆར་མཁྱེན་བརྩེ་སྤྲུལ་པའི་སྐུ་འཇམ་དབྱངས་ཆོས་ཀྱི་དབང་པོས་གསུང་གིས་ནན་ཏན་བསྐུལ་བས་མཚམས་སྦྱར་ཏེ། རིག་འཛིན་གྱི་བཙུན་པ་པདྨ་ཡེ་ཤེས་རྡོ་རྗེས་བདེ་ཆེན་མཚོ་རྒྱལ་གྱི་སྒྲུབ་ཕུག་དབུ་རྩེར་སྨྲས་རིམ་བཞིན། ཡི་གེ་པ་བསྐུལ་བ་པོས་མཛད་པ་འདིས་ཀྱང་བསྟན་འགྲོའི་དོན་མཐའ་ཡས་པའི་རྒྱུར་གྱུར་ཅིག སྐོར་བ་གཅིག་ལ་ཡིག་དྲུག་འབུམ་ཐེར་འགྱུར་ངེས་དང་། །སྐོར་ཚད་ཁྲི་གཅིག་ཆིག་སྟོང་ཆིག་བརྒྱ་བཅུ་ཡིས་རྫོགས་པ་ཡིན་ནོ། འ་ཨ་ཧ་ཤ་ས་མ། སརྦ་མངྒ་ལཾ། དགེའོ།། །།

ཛཾ་ནང་གནས་ཤིང་དཀར་ཆག་འདི་རྡོ་བརྐོས་ཆག་འཐོར་སོང་བ་ལྷུ་བསྒྲིགས་ཏེ་ཞལ་བཤུས་པ་ཡིན།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Pema Shelpuk, Lotus Crystal Cave

This website uses cookies to collect anonymous usage statistics and enhance the user experience.
Decline
Accept