The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Supreme Bestowal of Twofold Attainment—Tibetan

English | བོད་ཡིག

༄༅། །སྐྱབས་ཀུན་འདུས་པའི་བདག་ཉིད་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་གྲུབ་གཉིས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།    །

 

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

རང་བཞིན་ཀ་དག་ཆོས་དབྱིངས་ཕོ་བྲང་ནས།    །

སྐྱེ་མེད་སྤྲོས་བྲལ་ཆོས་སྐུའི་བླ་མ་ལ།    །

རིག་སྟོང་ཟུང་འཇུག་ངང་ནས་གསོལ་བ་འདེབས།    །

གཞོན་ནུ་བུམ་པ་སྐུ་རུ་བྱིན་གྱིས་རློབས།    །

 

ངེས་པ་ལྔ་ལྡན་ལྷུན་གྲུབ་ཕོ་བྲང་ནས།    །

ཁ་སྦྱོར་བདུན་ལྡན་རྣམ་སྣང་ལོངས་སྤྱོད་རྫོགས།    །

གསལ་སྟོང་ཟུང་འཇུག་ངང་ནས་གསོལ་བ་འདེབས།    །

བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས།    །

 

འོག་མིན་པདྨ་དྲྭ་བའི་གཞལ་མེད་ཁང་།    །

ཐུགས་རྗེའི་སྤྲུལ་སྐུ་པདྨ་འབྱུང་གནས་ལ།    །

སྣང་སྟོང་ཟུང་འཇུག་ངང་ནས་གསོལ་བ་འདེབས།    །

གང་འདུལ་སྤྲུལ་པའི་སྐུ་རུ་བྱིན་གྱིས་རློབས།    །

 

དབྱིངས་རིག་དབྱེར་མེད་འོད་གསལ་ཐིག་ལེའི་ཀློང་།    །

སྐུ་གསུམ་རིགས་འདུས་པདྨ་ཀུན་ཏུ་འཆང་།    །

རང་རིག་དབྱེར་མེད་ངང་ནས་གསོལ་བ་འདེབས།    །

ངོ་བོ་ཉིད་སྐུ་རྟོགས་པར་བྱིན་གྱིས་རློབས།    །

 

སྐུ་དང་ཞིང་ཁམས་ཀུན་ཁྱབ་ཕོ་བྲང་ནས།    །

བླ་མ་ཀུན་བཟང་འོད་མི་འགྱུར་བ་ལ།    །

རང་སྣང་བསལ་བཞག་མེད་པར་གསོལ་བ་འདེབས།    །

མངོན་པར་བྱང་ཆུབ་སྐུ་རུ་བྱིན་གྱིས་རློབས།    །

 

སྐུ་ལྔའི་བདག་ཉིད་ཨོ་རྒྱན་རྡོ་རྗེ་འཆང་།    །

མཚན་དང་རྣམ་འཕྲུལ་བསམ་ཡས་བརྗོད་ལས་འདས།    །

དཀྱིལ་འཁོར་རྒྱ་མཚོའི་གཙོ་མཆོག་དཔལ་ཆེན་པོར།    །

མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན།    །

ཕ་ཡི་དབྱིངས་ནས་གཟིགས་ཤིག་མོས་པའི་བུར།    །

བརྩེ་བས་དགོངས་ནས་གསང་གསུམ་བྱིན་རླབས་སྩོལ།    །

ཕྱི་ནང་གསང་བའི་བར་ཆད་ཆོ་འཕྲུལ་བཟློག  །

བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པ་དང་།    །

ལས་བཞི་ཕྲིན་ལས་གང་བརྩམ་མཐར་ཕྱིན་ཅིང་།    །

རང་བྱུང་ཡེ་ཤེས་སྣང་བ་གོང་དུ་འཕེལ།    །

རྩ་རླུང་སེམས་ཀྱི་མདུད་པ་ཀུན་གྲོལ་ནས།    །

མཐར་ཕྱིན་ཡེ་ཤེས་བླ་མའི་ས་ནོན་ཏེ།    །

པདྨ་བཛྲ་རྩལ་དང་དབྱེར་མེད་ཤོག  །

 

ཅེས་པའང་མི་ཕྱེད་དད་པས་གང་ཤར་ཤུགས་འབྱུང་དུ།  པདྨ་ཡེ་ཤེས་རྡོ་རྗེས་གསོལ་བ་འདེབས་པ་དགེ་ལེགས་འཕེལ།  བྱིན་བརླབས་མྱུར་དུ་འཇུག་པར་གྱུར་ཅིག  །སརྦ་ཨརཐ་སིདྡྷི་རསྟུ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Padmasambhava

This website uses cookies to collect anonymous usage statistics and enhance the user experience.
Decline
Accept