Loter Wangpo Prayer—Tibetan
༄༅། །རྩ་བའི་བླ་མ་ལ་གསོལ་བ་འདེབས་པ་ངག་རྒྱུན་མ་བཞུགས།
སྐྱབས་གནས་ཀུན་འདུས་གདན་གསུམ་ཚང་བའི་སྐུ། །
ཉོན་མོངས་གདུང་སེལ་ཆོས་སྒྲ་སྒྲོགས་པའི་གསུང་། །
ཡེ་ཤེས་ལྔ་ལྡན་བདེ་གསལ་མི་རྟོག་ཐུགས། །
གསང་བ་འཛིན་པའི་བདག་པོ་རྡོ་རྗེ་འཆང་། །
བློ་གཏེར་དབང་པོའི་ཞབས་ལ་གསོལ་བ་འདེབས། །
སྒོ་གསུམ་དངོས་པོ་ཀུན་གྱིས་མཆོད་པར་བགྱི། །
ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་། །
དམ་ཚིག་ཉམས་ཆགས་ཉེས་ལྟུང་དྲི་མ་བཤགས། །
བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། །
མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་དུ་གསོལ། །
རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །
བྱང་ཆུབ་བར་དུ་འབྲལ་མེད་ཐུགས་རྗེས་ཟུངས། །
ཅེས་པའང་རང་ཉིད་ཀྱི་མོས་གུས་དྲན་པའི་གསོས་སུ་ཆོས་ཀྱི་བློ་གྲོས་པས་འདོན་བདེར་བྲིས་པ་བྱིན་བརླབ་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།