Prayer for the Long Life of the Paṇchen Lama—Tibetan
༄༅། །གཙང་པཎ་ཆེན་ཐམས་ཅད་མཁྱེན་པར་ཞབས་བརྟན་དུ་གསོལ་བ་བཀྲ་ཤིས་སྐྱེ་ལྔའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི།
བདེ་ལྡན་ཞིང་གི་མགོན་པོ་འོད་མཐའ་ཡས། །
དེང་འདིར་ལྔ་བརྒྱའི་འགྲོ་རྣམས་སྐྱོབས་པའི་མགོན། །
ངུར་སྨྲིག་གར་གྱི་གཟུགས་སུ་སྟོན་མཛད་པ། །
པཎ་ཆེན་ཐམས་ཅད་མཁྱེན་པར་ཞབས་བརྟན་གསོལ། །
སྐལ་བཟང་ཐར་པ་འདོད་པའི་བློ་གྲོས་ཀྱི། །
ཀུ་མུད་བཞད་པའི་གཉེན་གཅིག་ཆོས༵་ཀྱི༵་རྒྱལ། །
དབ༵ང་བཅུའི་དཔལ་གྱིས་ཕྱུག༵་པའི་འདྲེན་པ་མཆོག །
ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བརྟན་གསོལ། །
འཆད་པས་མཁས་མང་བྱེ་བའི་ཡི་ག་འཕྲོག །
རྩོད་པས་ལོག་རྟོག་བྲག་རི་ཕྱེ་མར་འཐགས། །
རྩོམ་པས་ཐུབ་བསྟན་མཆོད་སྡོང་མཛེས་པར་བྱས། །
ཀུན་མཁྱེན་རྒྱལ་བ་གཉིས་པར་ཞབས་བརྟན་གསོལ། །
ཀུན་གཟིགས་མཁྱེན་བརྩེ་ནུས་པའི་གཏེར་ཆེན་པོ། །
གངས་ཅན་བསྟན་འགྲོའི་སྐྱབས་གཅིག་དབང་གི་རྒྱལ། །
དགོས་འདོད་རེ་སྐོང་ཡིད་བཞིན་རིན་པོ་ཆེ། །
སྒྲིབ་མེད་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །
སྐུ་མཆོག་མཚན་དཔེའི་དཀྱིལ་འཁོར་ཉི་བཞིན་གསལ། །
གསུང་གི་སྒྲ་དབྱངས་ཚངས་པའི་གདངས་ལྟར་སྙན། །
ཐུགས་ཀྱི་གསང་བ་ཟབ་ཅིང་གཏིང་དཔག་དཀའ། །
རྒྱལ་ཀུན་འདུས་པའི་ངོ་བོར་ཞབས་བརྟན་གསོལ། །
དེ་ལྟར་གསོལ་བ་བཏབ་པའི་དོན་འབྲས་བཟང་། །
གེགས་མེད་འགྲུབ་པར་སྲས་བཅས་རྒྱལ་བ་ཡི། །
བདེན་པས་བྱིན་བརླབ་འཇམ་མགོན་ཙོང་ཁ་པའི། །
བསྟན་པ་ཉམས་མེད་དར་རྒྱས་ཡུན་གནས་ཤོག །
ཅེས་པའང་དཔལ་ས་སྐྱ་ཕུན་ཕོའི་བདག་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་བཀའ་སྩལ་སྤྱི་བོས་མཆོད་དེ། རིས་བྲལ་བསྟན་པ་ཡོངས་ལ་དད་གུས་མི་ཕྱེད་པའི་བློ་ཅན་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།