The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Sixteenth Karmapa Long-Life Prayer—Tibetan

English | བོད་ཡིག

༄༅། །འཇིག་རྟེན་དབང་ཕྱུག་ཀརྨ་པ་བཅུ་དྲུག་པ་ཆེན་པོ་ལ་ཞབས་བརྟན་དུ་གསོལ་བ་འཆི་མེད་ཚངས་པའི་རྒྱུད་མང་ཞེས་བྱ་བ་བཞུགས།

 

ཨོཾ་སྭསྟི།

དུས་གསུམ་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི།    །

ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་མཆོག  །

འཇིག་རྟེན་དབང་ཕྱུག་དཔལ་ལྡན་ཀརྨ་པ།    །

རང་བྱུང་རིག་པའི་རྡོ་རྗེ་རྒྱལ་གྱུར་ཅིག  །

 

ངོ་མཚར་སྐྱེ་བའི་ཕྲེང་བ་གསེར་གྱི་རི།    །

ཚར་དུ་དངར་བས་འཛམ་གླིང་མཐའ་དག་གི    །

ཕན་དང་བདེ་བའི་མཆོད་སྡོང་ཆེན་པོ་ཡི།    །

བྱིན་རླབས་བཀྲ་ཤིས་སྣང་བས་དགེ་ལེགས་སྩོལ།    །

 

ཁྱད་པར་བྱང་ཕྱོགས་ཁ་བ་ཅན་གྱི་རིར།    །

རྒྱལ་བ་མཆོག་དབྱངས་དབང་ཆེན་གྲུབ་མཆོག་བརྙེས།    །

དུས་གསུམ་ཀུན་མཁྱེན་རིམ་པར་བྱོན་པ་ཡི།    །

ཁམས་གསུམ་འགྲོ་བའི་བླ་མ་ཞབས་བརྟན་གསོལ།    །

 

དཀར་པོའི་ཕྱོགས་ཀྱི་རི་བོང་འཛིན་པ་ནི།    །

ཆ་ཤས་ཡོངས་སུ་འཕེལ་བའི་མཐར་ཐུག་བཞིན།    །

དགའ་བཞི་ཡེ་ཤེས་བཅུ་དྲུག་རྩེར་སོན་པ།    །

ཁྱབ་བདག་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ།    །

 

རིགས་ཀུན་ཁྱབ་བདག་མི་བསྐྱོད་རྡོ་རྗེ་སེམས།    །

གནམ་སྔོན་ཞུན་མར་འཁྱིལ་བའི་ཅོད་པན་ཆེ།    །

གདོད་ནས་འདུ་འབྲལ་སྤངས་པའི་དབང་རྟགས་འཆང་།    །

དཀྱིལ་འཁོར་རྒྱ་མཚོའི་བདག་པོ་ཞབས་བརྟན་གསོལ།    །

 

ཕྱི་ལྟར་སྡོམ་བརྩོན་ངུར་སྨྲིག་འཆང་བའི་གཙོ།    །

ནང་དུ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གཏམས།    །

གསང་བ་བདེ་ཆེན་ཡེ་ཤེས་རོས་མྱོས་པ།    །

སུམ་ལྡན་རྡོ་རྗེ་འཛིན་རྒྱལ་ཞབས་བརྟན་གསོལ།    །

 

མཁྱེན་རབ་ཉི་མའི་དཀྱིལ་འཁོར་འོད་ཟེར་འཛུམ།    །

བརྩེ་བས་གདུལ་བྱའི་བློ་གྲོས་པད་མོ་འབྱེད།    །

མཐུ་སྟོབས་ནུས་པས་འབྱུང་པོའི་མིག་ལྡོངས་ཤིང་།    །

རིགས་གསུམ་སེམས་དཔའི་ངོ་བོར་ཞབས་བརྟན་གསོལ།    །

 

ཟག་བཅས་ཆོས་ཁམས་ཟག་མེད་དབྱིངས་སུ་འཆིང་།    །

འཕོ་བྲལ་འཕོ་མེད་རྡོ་རྗེའི་སྐུ་མཆོག་བརྙེས།    །

སྲིད་པ་ཇི་སྲིད་ཕྲིན་ལས་འཛད་མེད་པ།    །

ཟླ་མེད་མཆོག་གི་སྤྲུལ་སྐུ་ཞབས་བརྟན་གསོལ།    །

 

འཛམ་གླིང་འདི་ན་པད་དཀར་ལྟར་འཕགས་ཤིང་།    །

ངོ་མཚར་གཏམ་མང་མངའ་བའི་སྤྲུལ་པའི་སྐུ།    །

སྲིད་གསུམ་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྗེ།    །

ཆོས་ཀྱི་རྒྱལ་པོ་བསྐལ་བརྒྱར་ཞབས་བརྟན་གསོལ།    །

 

རྩོད་དུས་བསྟན་འགྲོ་ཡོངས་ཀྱི་སྐྱབས་གཅིག་པུ།    །

སེང་གེའི་ང་རོར་འཚང་རྒྱ་ཀརྨ་པ།    །

ས་དང་རྒྱ་མཚོ་ལྷུན་པོ་གནས་ཀྱི་བར།    །

ཞབས་པད་རྡོ་རྗེའི་ཁྲི་ལ་བརྟན་གྱུར་ཅིག  །

 

དེ་ལྟར་གསོལ་བཏབ་བདེན་པའི་ཚིག་འདི་དག  །

བླ་མ་རྩ་གསུམ་ཆོས་སྐྱོང་སྲུང་མ་ཡིས།    །

ཇི་ལྟར་སྨོན་པ་བཞིན་དུ་གེགས་མེད་པར།    །

མྱུར་དུ་འགྲུབ་པའི་བྱིན་རླབས་བདེན་པ་སྩོལ།    །

 

རྒྱལ་བསྟན་རིན་ཆེན་དར་ཞིང་རྒྱས་པ་དང་།    །

དགེ་འདུན་འདུས་པའི་སྡེ་ཚོགས་རབ་འཕེལ་ཞིང་།    །

ཆོས་དང་སྲིད་ཀྱི་ཕུན་ཚོགས་དཔལ་ཡོན་རྒྱས།    །

འཇིག་རྟེན་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག  །

 

ཁྱད་པར་ངེས་དོན་སྒྲུབ་བརྒྱུད་རིན་པོ་ཆེ།    །

བཤད་དང་སྒྲུབ་པས་འཛམ་གླིང་ཀུན་ཏུ་ཁྱབ།    །

ས་ཆེན་མཁས་དང་གྲུབ་པའི་ཚོགས་ཀྱིས་ཁེངས།    །

དགེ་ལེགས་བཀྲ་ཤིས་སྣང་བ་རྒྱས་པར་ཤོག  །

 

ཅེས་པའང་འཇིག་རྟེན་གསུམ་གྱི་སྒྲོན་མེ་རྒྱལ་མཆོག་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཞབས་ལ་བརྟན་བཞུགས་སུ་གསོལ་བའི་སྨོན་ཚིག་འདི་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་བྱེད་པོར་དབུགས་དབྱུང་ཐོབ་པ་མགོན་པོ་མཆོག་གི་བཀའ་འབངས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་མཚུར་མདོ་བོ་ལུང་གི་དགོན་པར་མེ་སྤྲེལ་གནམ་ལོ་གསར་འཆར་གྱི་དུས་ཚེས་དགེ་བར་གསོལ་བ་བཏབ་བཞིན་བྲིས་ཏེ་ཕུལ་བ།  རྗེ་བཙུན་བླ་མ་ཞབས་པད་བསྐལ་བརྒྱར་བཞུགས་པའི་རྒྱུར་འགྱུར་བར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ།

Further information:

BDRC Author Profiles: P733 P865

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept