The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Gyaltön Rinpoche Long-Life Prayer—Tibetan

English | བོད་ཡིག

༄༅། །རྒྱལ་སྟོན་མཆོག་སྤྲུལ་གྱི་སྐྱེས་ཕྲེང་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས།

 

ཨོཾ་སྭསྟི།

རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་དང་།    །

རྗེ་འབངས་གྲུབ་ཐོབ་རིག་པ་འཛིན་རྣམས་ལ།    །

གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ།    །

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།    །

 

འཕགས་ཡུལ་པཎ་གྲུབ་འཇམ་དཔལ་བཤེས་གཉེན་དང་།    །

གཤིན་རྗེའི་གཤེད་ཀྱི་བཀའ་བབས་ཤིང་རྟ་ཆེ།    །

གནུབ་ཀྱི་རིགས་འཁྲུངས་སངས་རྒྱས་ཡེ་ཤེས་དང་།    །

བརྩོན་འགྲུས་སེང་གེའི་ཞབས་ལ་གསོལ་བ་འདེབས།    །

 

དྭགས་པོའི་ཐུགས་སྲས་གསལ་སྟོང་ཤྭ་སྒོམ་དང་།    །

མཁས་གྲུབ་དབང་པོ་ནམ་མཁའ་རིན་ཆེན་ཞབས།    །

ཉམས་རྟོགས་མཐར་ཕྱིན་སྦ་མཚམས་པདྨ་རྗེ།    །

བསོད་ནམས་ལྷ་རྒྱལ་རྣམས་ལ་གསོལ་བ་འདེབས།    །

 

ཡོངས་འཛིན་དམ་པ་མང་པོས་རྗེས་སུ་བཟུང་།    །

བྱང་ཆུབ་སེམས་ལྡན་བསྙེན་སྒྲུབ་རྟགས་ཚད་ཐོན།    །

བསྟན་དང་འགྲོ་བར་ཕན་བདེའི་ཕྲིན་ལས་སྦྱིན།    །

ཨོ་རྒྱན་འཇིགས་མེད་དབང་པོར་གསོལ་བ་འདེབས།    །

 

དེ་ལྟར་གསོལ་བཏབ་བདེན་པའི་ནུས་མཐུ་ཡིས།    །

དཔལ་ལྡན་བླ་མའི་ཞབས་པད་ཡུན་དུ་བརྟན།    །

ཐུགས་ཀྱི་བཞེད་དོན་མ་ལུས་འགྲུབ་པ་དང་།    །

དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག  །

 

ཅེས་པའང་མཆོག་སྤྲུལ་ཉིད་ཀྱི་ཉེ་གནས་ཚེ་དབང་འགྱུར་མེད་ནས་དར།  ཤིང་ཏོག་ཀུ་བ་འབྲས་ལྡན།  རིན་སྒོར་དབང་ལྔའི་གྲངས་ལྡན་བཅས་བསྐུལ་ངོར་མཁྱེན་བརྩེའི་དབང་པོའི་སྐྱེས་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་སྒང་ཐོག་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག  །  །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

རྒྱལ་སྟོན་རིན་པོ་ཆེ།

Further information:

BDRC Author Profiles: P733 P1PD108568

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept