Pema Lingpa Guru Yoga—Tibetan
༄༅། །གཏེར་ཆེན་པདྨ་གླིང་པའི་བླ་མའི་རྣལ་འབྱོར་བཞུགས། །
ཨོཾ་སྭ་སྟི།
རང་རིག་ཨོ་རྒྱན་པདྨ་གླིང་། །
འདུ་འབྲལ་མེད་པར་མཆོད་བྱས་ཏེ། །
དེ་ཉིད་སྒྲུབ་པའི་ཐབས་ཟབ་མོ། །
བླ་མའི་རྣལ་འབྱོར་ཉུང་ངུར་དབྱེ། །
དེ་ལ་འདིར་དད་པ་དང་དམ་ཚིག་ལྡན་པའི་སྒྲུབ་པ་པོ་བདེ་བའི་སྟན་ལ་འཁོད་དེ། སྐྱབས་སེམས་སྔོན་དུ་འགྲོ་བས།
ཨ། གདོད་ནས་སྐྱེ་མེད་ཆོས་དབྱིངས་ཀློང་། །
འགགས་མེད་རང་གསལ་ཞིང་ཁམས་ཆེར། །
གནས་མེད་ཐུགས་རྗེ་སྤྲུལ་པའི་སྐུར། །
རྩ་བའི་བླ་མ་པདྨ་གླིང་། །
དཀར་དམར་མདངས་ལྡན་སྔགས་པའི་ཚུལ། །
གསང་གོས་དཀར་པོ་འདུང་མ་དམར། །
སྐུ་ཤམ་བཙག་ཁ་གཟན་སྨུག་དང་། །
དབུ་ལ་པད་ཞྭ་ཁ་འབུས་གསོལ། །
ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད། །
གཡོན་པས་མཉམ་བཞག་ཐོད་ཆང་བསྣམས། །
ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །
དབུ་གཙུག་གུ་རུ་བདེ་བ་ཆེ། །
ཐུགས་དབུས་སྤྱན་རས་གཟིགས་དབང་ནི། །
སེམས་ཉིད་ངལ་གསོ་བཞུགས་པར་གསལ། །ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གཡོན་སྟ་ཟུར་ནས་གདན་ལ་བརྟེན་ཞབས་ཕྱེད་སྐྱིལ། མཆན།
གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །
འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །
ཧཱུྃ། འོག་མིན་མཁའ་སྤྱོད་ཞིང་ཁམས་དང་། །
པདྨ་འོད་ཀྱི་ཕོ་བྲང་སོགས། །
སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས། །
རིག་འཛིན་བླ་མ་གཤེགས་སུ་གསོལ། །
དཔའ་བོ་མཁའ་འགྲོ་འཁོར་དང་བཅས། །
གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ། །
རོལ་མོ་མང་པོ་དི་རི་རི། །
དྲི་ཞིམ་སྤོས་ཀྱི་དུད་སྤྲིན་གཏིབ། །
ཧཱུྃ་དང་ཕཊ་དང་ཕེཾ་གྱི་སྒྲས། །
གནམ་ས་གང་བ་ཙམ་དུ་ནི། །
སྤྱན་དྲངས་དམ་ཡེ་དབྱེར་མེད་བཞུགས། །
མོས་ལྡན་བུ་ལ་བྱིན་གྱིས་རློབས། །
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །
བཛྲ་ས་མ་ཡ་ཛཿ
ཛཿཧཱུྃ་བྃ་ཧོཿ
ཚོགས་བསགས་པ་ནི།
ཧྲཱི༔ ལུས་མཆོག་ཞིང་གི་རྡུལ་སྙེད་སྤྲུལ། །
རབ་གུས་དད་པས་ཕྱག་འཚལ་ལོ། །
སྲིད་ཞིའི་ཕུན་ཚོགས་ཇི་སྙེད་པ། །
བློ་ཡིས་བླངས་ནས་མཆོད་པར་འབུལ། །
ཚེ་རབས་ཐོག་མེད་ནས་བསགས་པའི། །
སྡིག་ལྟུང་སྟོབས་བཞི་ཚང་བས་བཤགས། །
འཕགས་དང་སོ་སྐྱེའི་དགེ་ཚོགས་ལ། །
ཕྲག་དོག་མེད་པར་རྗེས་ཡི་རང་། །
རྒྱལ་བ་མྱ་ངན་འདའ་བཞེད་ལ། །
མི་འདའ་བཞུགས་པར་གསོལ་བ་འདེབས། །
གདུལ་བྱའི་བློ་དང་འཚམས་པ་ཡི། །
ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ། །
དུས་གསུམ་བསགས་པའི་ལེགས་བྱས་ཀུན། །
འགྲོ་རྣམས་བྱང་ཆུབ་ཐོབ་ཕྱིར་བསྔོ། །
སྤྲོ་ན་མཎྜལ་འབུལ།
གསོལ་འདེབས་ནི།
དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པད་མ་འབྱུང་། །
ཡེ་ཤེས་གཅིག་ཉིད་དུ་མར་ཤར་བའི་གཟུགས། །
པདྨ་གསལ་དང་པདྨ་ལས་འབྲེལ་རྩལ། །
ཀློང་ཆེན་རབ་འབྱམས་ཐེག་མཆོག་བསྟན་པའི་བདག །
པདྨ་གླིང་པར་སྟོན་ལ་གསོལ་བ་འདེབས། །
མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །
མཚན་སྔགས་ནི།
ཨོཾ་ཨཱཿབཛྲ་གུ་རུ་པདྨ་དྭཱི་པ་སརྦ་སིདྡྷི་ཕ་ལ་ཧཱུྃ།
ཞེས་བཟླ།
སྤྱི་བོའི་བླ་མ་བདེ་བ་ཆེའི། །
སྐུ་ལས་བདུད་རྩིའི་རྒྱུན་བབས་པ། །
བླ་མའི་སྐུ་ཡི་དབྱིབས་བརྒྱུད་ནས། །
རང་གི་སྤྱི་བོ་ནས་བབས་པས། །
ལུས་གང་སྒྲིབ་དག་དབང་བཞི་ཐོབ། །
སྐུ་བཞི་མངོན་དུ་གྱུར་པ་དང་། །
བླ་མ་འོད་ཞུ་རང་ལ་ཐིམ། །
ཐུགས་ཡིད་བསྲེས་ལ་མཉམ་པར་བཞག །
ཡི་དམ་གྱི་བཟླས་པ་བྱ་ན།
རང་ཉིད་བླ་མར་གསལ་བ་དང་། །
སྤྱི་བོར་བླ་མ་བདེ་བ་ཆེ། །
སྙིང་གའི་ཐུགས་རྗེ་ཆེན་པོ་ཡི། །
ཐུགས་དབུས་ཟླ་སྟེང་ཧྲཱིཿཡིས་མཚན། །
སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས། །
འཕགས་མཆོད་སྒྲིབ་སྦྱངས་སྣང་གྲགས་རིག །
རིག་འཛིན་བླ་མའི་འཁོར་ལོར་རྫོགས།
སྤྱི་བོའི་བླ་མ་ལས་བདུད་རྩི་འབེབས་དམིགས་དང་བཅས།
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
སྙིང་གའི་ཡི་དམ་ལ་དམིགས་ནས།
ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཅི་ནུས་བཟླས་མཐར། ཡེ་ཤེས་ལྷ་ཚོགས་སོགས་ཀྱི་སྟོང་ཚིག་མཆོད་བསྟོད་བྱའོ། །
ཚོགས་མཆོད་འབུལ་བར་སྤྲོ་ན། དམ་ཚིག་གི་རྫས་ཅི་འབྱོར་པ་བཤམས་ལ།
ཨཱཿ གཟུང་བ་རྣམ་དག་ཀ་པ་ལ། །
འཛིན་པ་རང་གྲོལ་དམ་ཚིག་རྫས། །
རྃ་ཡྃ་ཁྃ་གྱིས་སྦྱོང་བ་དང་། །
འབྲུ་གསུམ་འོད་ཀྱིས་བདུད་རྩིར་གྱུར།
ཨོཾ་ཨཱཿཧཱུྃ།
ལན་གསུམ་བརྗོད།
ཧྲཱིཿསྐུ་གསུམ་ཞིང་ཁམས་རབ་འབྱམས་ནས། །
བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །
འདིར་གཤེགས་ཚོགས་ཀྱི་འདུ་བར་གཤེགས། །
དམ་ཚིག་རྫས་ལ་བྱིན་ཆེན་ཕོབས། །
སྣང་སྲིད་བཅུད་བསྡུས་དངོས་གྲུབ་དབྱིག །
འཛད་པ་མེད་པའི་གཏེར་དུ་གྱུར། །
བཛྲ་ས་མ་ཡ་ཛཿ
ཛཿཧཱུྃ་བྃ་ཧོཿ
ཧོཿ བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས། །
འདོད་ཡོན་ལྔ་ལྡན་ནང་གི་ཚོགས། །
འབར་འཛག་སྙོམས་འཇུག་གསང་བའི་ཚོགས། །
དགྱེས་མཉམ་ཆེན་པོའི་མཆོད་པར་འབུལ། །
དམ་ཚིག་ཉམས་ཆགས་མཐོལ་ལོ་བཤགས། །
ཕྱི་ནང་གསང་བའི་འཁྲུལ་རྟོག་སྒྲོལ། །
ཡེ་ཤེས་ཀློང་ལྔའི་དབྱིངས་སུ་སྟོབས། །
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །
ཧཱུྃ་ཧྲཱིཿཐུགས་དམ་བསྐང་བའི་རྫས་མཆོག་ནི། །
ཀུན་བཟང་བདེ་སྟོང་རོལ་མོ་ལས། །
བྱུང་བའི་མཆོད་པའི་སྤྲིན་ཕུང་ཆེ། །
སྲིད་ཞིའི་ཁམས་ཀྱི་དག་པའི་རྫས། །
ཅིར་ཡང་འཆར་ཞིང་ཅིར་ཡང་འཕྲུལ། །
བླ་མ་རིག་འཛིན་དཀྱིལ་འཁོར་ནི། །
ཡུལ་དང་དབང་པོ་གཉིས་མེད་སྟོབས། །
བདེ་ཆེན་བདུད་རྩིས་རབ་མྱོས་ཏེ། །
རྗེས་ཆགས་ཡེ་ཤེས་སྒྱུ་མའི་འཕྲུལ། །
ནམ་མཁའ་གང་བར་འབར་འཕྲོ་ཡི། །
སྣོད་བཅུད་ཡེ་དག་དཀྱིལ་འཁོར་དུ། །
ལྷུན་རྫོགས་བདེ་ཆེན་མཆོག་དངོས་གྲུབ། །
ཚེ་འདི་ཉིད་ལ་འགྲུབ་གྱུར་ཅིག །
དེ་ནས་ཚོགས་ལ་རོལ་ཞིང་ལྷག་གཏོར་ནི།
ཧྲཱིཿཕེཾ། སྔོན་ཚེ་གྲུབ་པའི་ཧེ་རུ་ཀའི། །
དཔལ་གྱི་ཕམ་ཕབ་ལ་དབང་ཚོགས། །
ལྷག་གཏོར་བཞེས་ལ་རླུང་སེམས་ཀྱི། །
སྣང་ཆ་རིག་དབྱིངས་སྒྲོལ་བར་མཛོད།
ཨུཥྩི་ཊ་བ་ལིཾ་ཏ་ཁཱ་ཧི།
ཅེས་ཕུལ་ལ།
རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །
ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །
བདག་གཞན་འགྲོ་བ་མ་ལུས་པ། །
དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །
གཏང་རག་མཆོད་བསྟོད་ནོངས་བཤགས་ནི།
ཧཱུྃ་ཧྲཱིཿརིག་འཛིན་བླ་མའི་ལྷ་ཚོགས་མཆོད། །
ཡོན་ཏན་རྗེས་དྲན་གླུ་ཡིས་བསྟོད། །
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །
འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགས།
ཡིག་བརྒྱ་བརྗོད། རྟེན་ཡོད་ན་བརྟན་བཞུགས་བྱ། མཐར།
སྣོད་བཅུད་འོད་ཞུ་རང་ལ་ཐིམ། །
རང་ཡང་མི་དམིགས་དབྱིངས་སུ་ཐིམ། །
སླར་ཡང་བླ་མའི་སྐུར་གསལ་བའི། །
གནས་གསུམ་ཡི་གེས་སྲུང་བར་གྱུར།
ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། །
དགེ་བ་འདི་ཡིས༴ སོགས་བསྔོ་སྨོན་བྱས་ཏེ་རྗེས་སྤྱོད་ལ་འཇུག་གོ།
ཅེས་པའང་གཡག་ཟེ་བླ་མ་འགྱུར་གྲགས་ནས་རྟེན་བཅས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་ལ་སྒྲུབ་མཚོ་པདྨ་གླིང་ནས་བྲིས་ཏེ་ལྷ་ལུང་ཆོས་གྲྭ་ཆེན་པོར་གྲུབ་པར་བགྱིས་པའོ། །
འདི་དགེས་མ་གྱུར་སེམས་ཅན་ཀུན། །
ལས་ངན་སྡིག་སྒྲིབ་ཀུན་བྱང་ནས། །
པདྨ་འོད་ཀྱི་གྲོང་ཁྱེར་དུ། །
གུ་རུ་ཡབ་སྲས་དྲུང་འཁོད་དེ། །
གསུང་གི་བདུད་རྩིས་འཚོ་བ་དང་། །
རིག་འཛིན་རྣམ་བཞིའི་ལམ་བགྲོད་དེ། །
འཁོར་བ་དོང་ནས་སྤྲུགས་ནུས་ཤོག །
སརྦ་མངྒ་ལཾ།། །།