Prayer for Spread of Teachings—Tibetan
༄༅། །བསྟན་རྒྱས་སྨོན་ལམ།
ཨོཾ་སྭསྟི།
སྔ་འགྱུར་བཀའ་གཏེར་བསྟན་པ་རྒྱ་མཚོའི་བདག །
ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་། །
ཡོངས་རྫོགས་བསྟན་པའི་མངའ་བདག་མཁྱེན་བརྩེའི་དབང་། །
མཛོད་ལྔའི་ཤིང་རྟ་བློ་གྲོས་མཐའ་ཡས་ཀྱི། །
རིང་ལུགས་མི་ཉམས་བླ་ནས་བླར་འཕེལ་ཤོག །
ཆོས་འཁོར་རྣམ་གསུམ་རྟེན་མཆོག་འགྱུར་བ་མེད། །
མི་ནུབ་བསྟན་པའི་བཙས་སུ་བཞུགས་པའི་གླིང་། །
ཁྲིམས་ལྡན་འདུས་པའི་ཚོགས་ཀྱི་ཡོངས་གང་ནས། །
ལུང་རྟོགས་བསྟན་པ་དར་རྒྱས་ཡུན་གནས་ཤོག །
ཆོས་སྤྱོད་བཅུ་ཡི་བྱ་བར་རྟག་ཏུ་བརྩོན། །
སྤང་དང་ཀློག་པའི་ཕྲིན་ལས་རྒྱུན་མི་ཆད། །
དགེ་འདུན་མི་ཕྱེད་བདེན་པའི་མཐུ་སྟོབས་ཀྱིས། །
བསྟན་པ་ཕྱོགས་བརྒྱར་འཕེལ་བའི་བཀྲ་ཤིས་ཤོག །
ཅེས་པའང་སྨིན་ཟླའི་ཚེས་༣ལ་གསང་སྔགས་སྟོང་གི་ཡང་རྩེར་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དཔལ་བཟང་པོས་གསོལ་བ་བཏབ་པ་འཇིག་རྟེན་གསུམ་ན་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག །ཤུ་བྷཾ།། །།