The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Sweet Song of Māra's Defeat—Tibetan

English | བོད་ཡིག

༄༅། །གཏེར་སྟོན་རིག་འཛིན་ཆེན་པོ་ལས་རབ་གླིང་པར་ཞབས་བརྟན་བདེན་ཚིག་བདུད་ལས་རྣམ་པར་རྒྱལ་བའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ།    །

 

ཨོཾ་སྭསྟི་སིདྡྷི་ཡནྟུ།

 

མཆོག་གསུམ་རྩ་གསུམ་མ་ལུས་འདུས་པའི་རྗེ།    །

མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི།    །

ཡེ་ཤེས་དགོངས་པའི་རང་རྩལ་འབངས་རིགས་མཆོག  །

སྔགས་ཀྱི་རྣལ་འབྱོར་རྡོ་རྗེ་བདུད་འཇོམས་ཀྱི།    །

རྣམ་རོལ་ཆུ་ཟླའི་རོལ་རྩལ་འགགས་མེད་ལས།    །

ཆེས་ཆེར་སྙིགས་དུས་བསྟན་འགྲོ་སྐྱོབས་པའི་གཉེན།    །

ཟབ་དང་རྒྱ་ཆེའི་ཆོས་ནོར་གཏེར་མཛོད་བརྡོལ།    །

སྤྲུལ་པའི་རིག་འཛིན་ཆེན་པོར་ཞབས་བརྟན་གསོལ།    །

 

པདྨ་ཀུན་ཏུ་འཆང་བས་བྱིན་གྱིས་བརླབས།    །

ཕྲིན་ལས་ལྷ་མཆོག་རྡོ་རྗེ་ཀི་ལ་ཡའི།    །

མཐུ་སྟོབས་ནུས་པའི་རིག་སྔགས་རྩལ་ཆེན་རྫོགས།    །

མཁའ་འགྲོ་ཆོས་སྐྱོངས་རྣམས་བཞིའི་ལས་ལ་བཀོལ།    །

དྲེགས་པ་སྡེ་བརྒྱད་གདན་དུ་བརྩེགས་པའི་ཁྲིར།    །

མ་རུང་བདུད་དགྲའི་ཚོགས་རྣམས་མཐར་མཛད་པ།    །

བདུད་ཀྱི་གཤེད་ཆེན་རིག་འཛིན་དྲག་པོ་རྩལ།    །

ཁམས་གསུམ་ཟིལ་གནོན་ཆེན་པོར་ཞབས་བརྟན་གསོལ།    །

 

སྐུ་ནི་སྒྱུ་འཕྲུལ་རྡོ་རྗེའི་གར་བརྒྱས་རྩེན།    །

གསུང་ནི་གཞོམ་མེད་རྡོ་རྗེ་ན་དཱའི་དབྱངས།    །

ཐུགས་ནི་ཟག་མེད་བདེ་ཆེན་བདུད་རྩིའི་གཏམས།    །

ལས་རབ་གླིང་པ་བསྐལ་བརྒྱར་འཚོ་གཞེས་གསོལ།    །

 

མཆོག་བསྟན་སྙིང་པོ་ཉིན་མོར་བྱེད་པ་ལ།    །

ཕུལ་བྱུང་མཁྱེན་ནུས་བརྩེ་བའི་མཐུ་མངའ་ཞིང་།    །

གངས་ཅན་གྲུབ་རིགས་ཀུན་གྱི་གཙུག་རྒྱན་མཆོག  །

གཡོ་མེད་རྡོ་རྗེའི་ཁྲི་ལ་རྟག་བཞུགས་གསོལ།    །

 

ངེས་གསང་རིག་སྟོང་དགོངས་པའི་རྩལ་འབར་བས།    །

བརྟན་གཡོ་ཐམས་ཅད་ཡེ་ཤེས་ཕྱག་རྒྱས་ཐེབས།    །

རང་བྱུང་འོད་གསལ་ཆེན་པོའི་བྱིན་འབེབས་པས།    །

སྣོད་བཅུད་ཡེ་དག་ཆེན་པོར་ལྷུན་གྱིས་གྲུབ།    །

 

འཁྲུལ་རྟོག་རྒུད་པའི་ཚོགས་རྣམས་དབྱིངས་སུ་ཞི།    །

འཛད་མེད་དགའ་བདེའི་དཔལ་ཡོན་རྟག་པར་རྒྱས།    །

ཕུན་ཚོགས་སྲིད་ཞིའི་དགེ་མཚན་སྟོང་འབར་བས།    །

ས་གསུམ་བཀྲ་ཤིས་དཔལ་གྱིས་མཛེས་གྱུར་ཅིག  །

 

བསླུ་མེད་རྩ་གསུམ་ཐུགས་རྗེའི་བདེན་སྟོབས་དང་།    །

རྣལ་འབྱོར་བདག་གི་ལྷག་བསམ་དག་པའི་མཐུས།    །

ཇི་ལྟར་སྨོན་པའི་གནས་འདི་མྱུར་འགྲུབ་ནས།    །

མི་མཐུན་བདུད་སྡེའི་གཡུལ་ལས་རྒྱལ་གྱུར་ཅིག  །

 

ཅེས་རྩོད་བྲལ་དུས་བབ་ཀྱི་སྤྲུལ་པའི་གཏེར་སྟོན་ལས་རབ་གླིང་པར་ཞབས་བརྟན་བདེན་ཚིག་འདི་ཡང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཟླ་ ༡༡ པའི་ཡར་ཚེས་ ༤ གཟའ་མཆོག་ཟླ་བ་རྒྱུ་སྐར་གྱི་ལྷ་མོ་གྲོ་བཞིན་དང་རྩེ་བའི་འགྲུབ་སྦྱོར་བཟང་པོར་བྲིས་ཏེ་གསོལ་བ་བཏབ་པ་འདིས་ཀྱང་རིག་འཛིན་ཆེན་པོར་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་གྱུར་ཅིག  །སརྦ་དཱ་ཀ་ལྱཱ་ཎཾ་སུ་ཤྲཱི་ཡོ་བྷ་ཝནྟུ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Tertön Sogyal Lerab Lingpa

Further information:

BDRC Author Profiles: P733 P5970

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept