Lhodrak Kharchu Praise & Prayer—Tibetan
༄༅། །ལྷོ་བྲག་གནས་ཆེན་མཁར་ཆུ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བཞུགས་སོ། །
ན་མོ་གུ་རུ་པདྨ་རཱ་ཛཱ་ཡ།
འོག་མིན་གཉིས་པ་ས་ལ་འཕོས་འདྲ། །
རྡོ་རྗེའི་གནས་ཆེན་ལྷོ་བྲག་མཁར་ཆུར། །
ཨོ་རྒྱན་སློབ་དཔོན་པད་འབྱུང་ཡབ་ཡུམ། །
རྗེ་འབངས་རྣམས་དང་འཕགས་ཡུལ་རིག་འཛིན། །
མཁས་གྲུབ་རྣམས་ཀྱིས་ཡང་ཡང་བྱིན་བརླབས། །
ཁྱད་པར་ཡང་དག་སྒྱུ་མ་བདེ་མཆོག །
མངོན་སུམ་གྲུབ་བརྙེས་ནམ་མཁའི་སྙིང་པོ། །
རྫུ་འཕྲུལ་རྟོགས་པ་ལྟ་དགོངས་ཕུལ་ཕྱིན། །
དཔའ་བོ་མཁའ་འགྲོ་བྱེ་བ་ས་ཡ། །
ཏིལ་གོང་བཞིན་དུ་དགྱེས་པར་རོལ་པའི། །
གནས་ཀྱི་མཆོག་ཏུ་གྱུར་པ་འདི་ནི། །
ཆུ་བུར་མིག་གི་སྤྱོད་ཡུལ་གྱུར་པ། །
བདག་ཅག་ལས་དང་སྐལ་བ་བཟང་ཞིང་། །
ངོ་མཚར་རྡོ་རྗེའི་བྲག་གི་བ་གམ། །
དབྱིབས་ལེགས་སྲ་བརྟན་བཀོད་པ་ལྷུན་ཆགས། །
རྩ་བ་གསུམ་གྱི་ཕྱག་རྒྱའི་སྣང་བརྙན། །
གསང་བ་གསུམ་གྱི་བྱིན་རླབས་གཟི་འབར། །
ནེའུ་གསེང་སྤང་ལྗོངས་གཡུ་ཡི་མཎྜལ། །
ལྷ་ཡི་མེ་ཏོག་ཁ་དོག་རྣམ་བཀྲ། །
ལྗོན་ཤིང་སྣ་ཚོགས་མགོ་ལྕོག་ལྡེམ་མེ། །
འབྲས་བུ་བཟང་པོའི་ཁུར་གྱིས་ལྕི་བ། །
ལྷ་བྱ་སྤུ་སྡུག་མཛེས་པའི་གསུང་སྙན། །
ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆུ་བོ། །
རྣམ་མང་ལྷུང་ལྷུང་དལ་གྱིས་འབབ་ཅིང་། །
རྣལ་འབྱོར་རིག་འཛིན་གྲུབ་པ་ཕོ་མོ། །
སྣང་དང་མི་སྣང་བགྲང་ལས་འདས་ཤིང་། །
ཆོས་ནོར་ཟབ་གཏེར་འཛད་པ་མེད་པས། །
ཡོངས་སུ་གཏམས་པའི་སྒྲུབ་གནས་ཆེན་པོར། །
གསོལ་འབ་འདེབས་སོ་བྱིན་གྱིས་རློབས་ཤིག །
རྡོ་རྗེའི་གནས་མཆོག་དེ་བཱི་ཀོ་ཊི། །
རྣལ་འབྱོར་བདག་གི་ལུས་ལ་ཞུགས་ནས། །
ཕྱི་ནང་གཞན་གསུམ་གཅིག་ཏུ་ཚོགས་པས། །
རླུང་སེམས་སྣང་བ་དབང་དུ་འདུས་ཏེ། །
དཔའ་བོ་ཌཱ་ཀིའི་ཚོགས་དང་དགྱེས་རོལ། །
བདེ་མཆོག་ཡང་དག་འཁོར་ལོ་སྡོམ་པའི། །
གོ་འཕང་མངོན་དུ་བྱེད་པར་ཤོག་ཅིག །
ཅེས་པའང་རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་མེ་སྤྲེལ་ལོར་གནས་འདིར་རྒྱུ་བའི་སྐབས་སྤྲེལ་ཟླའི་ཚེས་༢༠ ལ་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།