The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Key Points on Trekchö—Tibetan

English | 中文 | བོད་ཡིག

༄༅། །ཁྲེགས་ཆོད་ཀྱི་གདམས་པའི་གནད་དྲིལ་མདོར་བསྡུས་པ་བཞུགས།

དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སེམས་དོན་ངོ་སྤྲོད་ཀྱི་གནད་མདོར་བསྡུས་པ་ནི། །མི་རྟག་པ་རྒྱུན་དུ་དྲན་པ་དང་། འཁོར་བའི་ཉེས་དམིགས་ལ་བསམས་ནས་ལས་འབྲས་བླང་དོར་བྱ་བ་དང་། སྐྱབས་འགྲོའི་རྩ་བ་བརྟན་ཅིང་གཞན་ཕན་ལྷག་བསམ་བཟང་པོས་སྒོ་གསུམ་གྱི་བྱ་བ་ཅི་བྱས་གཞན་དོན་དུ་སྤྱོད་ཅིང་བསྔོ་བ་སྨོན་ལམ་དང་། བསགས་སྦྱོང་གི་རིམ་པ་ལ་ནན་ཏན་དུ་བྱ་བ་དང་། ཡི་དམ་གྱི་བསྐྱེད་རྫོགས་གང་རུང་གཅིག་ལ་ཉམས་ལེན་བསྙེན་སྒྲུབ་གནད་སྨིན་དང་། ཁྱད་པར་རང་རིག་སྐྱེ་མེད་ཀྱི་དོན་རྟོགས་པ་ལ་བླ་མར་མོས་གུས་བཅོས་མིན་དུ་མ་སྐྱེས་ཀྱི་བར་དུ་ནན་ཏན་དུ་བྱ་ཞིང་། བཅོས་མིན་གྱི་མོས་གུས་སྐྱེས་ནས་ཀྱང་བླ་མ་ལ་རྟག་ཏུ་གསོལ་བ་འདེབས་ཤིང་དབང་བླང་བ་གལ་ཆེ། སེམས་དོན་དངོས་ལ། རྩད་གཅོད་པ་ནི། ཐོག་མེད་ནས་འཁོར་བར་འཁྱམས་མཁན་དགེ་སྡིག་བྱེད་མཁན་འདི་སྒོ་གསུམ་གང་ཡིན་བརྟགས་པས་གཙོ་བོ་སེམས་ཡིན་པར་ཤེས་ནས། མཚངས་བཙལ་བ་ནི། ལུས་ངག་ཡིད་གསུམ་གཅིག་ཐ་དད་བརྟགས་པས། ཐ་སྙད་དུ་ནི་དེ་གསུམ་འབྲེལ་བ་ཅན་ལྟར་སྣང་ཡང་། དོན་དམ་གྱི་རིག་པས་དཔྱད་ན་གཅིག་ཐ་དད་གང་དུའང་མ་གྲུབ་པའི་སེམས་ཞེས་བྱ་བ་མེད་པ་གསལ་སྣང་གྱ་གྱུ་བ་འདི་ཡིན། འདིའི་ངོ་བོ་ལ་བརྟགས་པས་སྐྱེས་བ་བཙལ་བས་མ་རྙེད། གནས་པའི་ངོ་བོ་མ་གྲུབ། འགགས་པའི་ཡུལ་མེད་པས་གཞི་རྩ་བྲལ། ཚོལ་མཁན་གྱི་སེམས་དང་བཙལ་རྒྱུའི་སེམས་གཉིས་གཅིག་ཐ་དད་བརྟགས་པས་དེ་ལས་དེ་བྱུང་ལྟར་སྣང་ཡང་། བཙལ་གཞིའི་སེམས་མ་གྲུབ་པས་ཚོལ་མཁན་ཡང་མ་གྲུབ། འོན་ཀྱང་གློ་བུར་རྒྱུ་རྐྱེན་གྱིས་བསྐྱེད་པའི་རྣམ་རྟོག་ཝལ་པོ་འགྱུ་བ་སྣ་ཚོགས་པ་འདི་ལ་བདག་ཏུ་བཟུང་བས་སྲིད་པ་འཁོར་བར་འཁྲུལ་པ་ངོ་ཤེས་ནས། སེམས་བཙལ་བས་མ་རྙེད་པའི་སེམས་ཀྱི་གཤིས་ལུགས་གཅེར་མཐོང་དུ་བརྟགས་པ་ལ་སྒོ་གསུམ་མ་བཅོས་ལྷོད་ཀྱིས་བཞག་པས་རྟོག་མེད་གསལ་བ་རེས་ཡོད་རེས་མེད། རྐྱེན་གྱིས་བསྒྱུར་ནུས་འཕེལ་འགྲིབ་ཅན་དེ་ཀུན་གཞིའི་རྣམ་ཤེས་ཡིན། དེ་ལ་བརྟེན་པའི་བདེ་གསལ་མི་རྟོག་གི་ཉམས་ཅི་བྱུང་ཡང་ཤེས་ཉམས་སྐྱོན་ཅན་དང་། ཡང་ཅི་དྲན་མེད་པའི་སྟོང་ཧད་དེ་བ་དེ་ཀུན་གཞིའི་རང་བཞིན་ཤིན་ཏུ་སྐྱོན་ཆེན་ཡིན། དེ་རྣམས་ཡིད་དཔྱོད་ཀྱིས་སྒྲིབ་པ་དང་། དེ་རྣམས་ཀྱིས་མ་བསླད་པའི་དྲན་རྟོག་གི་འཕྲོ་འདུ་ཤར་ཀྱང་རུང་། མ་ཤར་ཀྱང་རུང་། ཕན་གནོད་བསྒྱུར་བཀོད་ཅིག་བྱར་མེད་པའི་ད་ལྟའི་ཤེས་པ་ཟང་ཀ་སོ་མ་མ་བཅོས་མ་བསླད་པའི། ས་ལེ། སིང་ངེ་། ཡེ་རེ། གསལ་ལ་དྭངས་པ་དངོས་མཚན་ལས་འདས་པ། སྟོང་པ་ཕྱར་ཆད་མ་ཡིན་པའི་གསལ་རིག་ཧྲིག་གེ་བ་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ་འདི་ཡེ་སྟོང་ཀ་དག་གཉུག་མའི་ཤེས་པའམ། རིག་སྟོང་འོད་གསལ་རྫོགས་པ་ཆེན་པོའམ། རིག་པ་རང་ངོ་བསྐྱང་རྒྱུ་དེ་ཡིན། དེ་ཉིད་ལྟ་བ་རི་བོ་ཅོག་བཞག སྒོམ་པ་རྒྱ་མཚོ་ཅོག་བཞག སྤྱོད་པ་སྣང་བ་ཅོག་བཞག འབྲས་བུ་རིག་པ་ཅོག་བཞག་བཞིས་བཞག་ཐབས་ཀྱི་རང་ངོ་བསྐྱང་པས་རིག་སྟོང་རྗེན་པ་མངོན་དུ་གྱུར་པ་ནི་ངོ་རང་ཐོག་ཏུ་སྤྲོད་པ་ཞེས་བྱ་ཞིང་། དེ་ལ་ཡིད་ཆེས་དེ་ལས་གཞན་པའི་སངས་རྒྱས་ཞེས་བྱ་བ་དང་། ཡེ་ཤེས་ཞེས་བྱ་བ་ལོགས་ཤིག་ན་མེད་ཅིང་། ཆོས་ཐམས་ཅད་བྱ་མེད་རིག་པ་སྐད་ཅིག་མའི་ཀློང་དུ་རྫོགས་པར་ཐག་བཅད་ཅིང་འཛིན་མེད་ཡེངས་མེད་ཞེན་མེད་དུ་བསྒོམ་པ་ལྟ་བ་དེའི་ངང་ལས་མ་གཡོས་པ་ཚོགས་དྲུག་གི་ཡུལ་དང་ཡུལ་ཅན་ཐམས་ཅད་མི་འགག མི་སྤྲོ། མི་བསྡུ་བར་རང་བབས་རྒྱ་ཡན་དུ་བཞག་པས། ཡུལ་ཤེས་གཉིས་མེད་བྱུང་ཚོར་གྱི་རྟོག་པ་གཞི་ཐིམ་བྱ་ལམ་རྗེས་མེད་རིག་པའི་ངང་དུ་རང་གྲོལ་བ་ནི་གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་གསུངས། དེ་ལྟ་བུའི་ཉམས་ལེན་ལ་མཉམ་བཞག་རྗེས་ཐོབ་གང་གི་སྐབས་སུའང་མི་གཡོ་བ་གནད་དམ་པའོ། །དེ་ལྟར་བརྩོན་ན་དུས་རྟག་ཏུ་བཟུང་འཛིན་ལྟར་ཝ་ལེ་ཁྱུག་གེ་སྣང་ཡང་། དེས་མ་བསྒྲིབས་ཤིང་ནམ་མཁའ་ལ་སྤྲིན་གྱིས་མ་གོས་པ་ལྟར་སྒྲིབ་པས་མ་བསླད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་རང་སངས་སུ་དག་ནས་རིག་སྟོང་ཡེ་ཤེས་ཆེན་པོའི་སྣང་བ་རྒྱས་པར་འགྱུར་རོ། །དེའི་སྐབས་སུ་སྣང་ཉམས་དང་ཤེས་ཉམས་ཀྱིས་བསྡུས་པའི་ཉམས་མཐོ་དམན་འཇམ་རྩུབ་ཅི་བྱུང་ཡང་ཉམས་ལ་མི་ཞེན་ཅིང་། ཉམས་ཀྱི་སྣ་མི་དགག་པར་བྱུང་རྒྱལ་དུ་བསྐྱང་བ་ནི་གནད་དོ། །དེ་ལྟར་ཁྲེགས་ཆོད་ཀྱི་གདམས་པའི་གནད་དྲིལ་མདོར་བསྡུས་པ་འདིའང་གཡོན་རུ་ལྷ་སྲས་བསོད་རྒྱལ་གྱི་བཞེད་པ་སྐོང་ཕྱིར་ཆོས་ཀྱི་བློ་གྲོས་པས་སོ།།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept