Prayer for the Flourishing of the Katok Tradition—Tibetan
༄༅། །བསྟན་རྒྱས་སྨོན་ལམ་བཀྲ་ཤིས་དཔལ་འབར་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི།
ཕྱོགས་དུས་རྩ་གསུམ་རྒྱལ་བ་སྲས་བཅས་དང་། །
སྔ་འགྱུར་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །
ཐུབ་བསྟན་སྤྱི་དང་ཁྱད་པར་ཨོ་རྒྱན་རྗེའི། །
བསྟན་པའི་སྲོག་ཤིང་བཀའ་གཏེར་འབྱུང་ཁུངས་ཆེ། །
བདེ་གཤེགས་སྤོབས་པ་མཐའ་ཡས་རིང་ལུགས་མཆོག །
སྲིད་མཐའི་བར་དུ་མི་ཉམས་དར་ཞིང་རྒྱས། །
ཁྲིམས་ལྡན་འདུས་པའི་ཆུ་གཏེར་འཕེལ་བ་དང་། །
བསླབ་གསུམ་དྲི་མ་མེད་པས་ཐུགས་རྒྱུད་ཕྱུག །
བཤད་དང་སྒྲུབ་པའི་བྱ་བས་དུས་འདའ་ཞིང་། །
ཡང་དག་ལྟ་བ་སྒོམ་དང་སྤྱོད་པ་ཡིས། །
ཤཱཀྱའི་བསྟན་པའི་རྒྱལ་མཚན་འཛིན་པ་དང་། །
ངེས་གསང་སྙིང་པོ་ཕྱོགས་བརྒྱར་ཁྱབ་གྱུར་ཅིག །
ཅེས་པའང་ཤིང་ཁྱི་སྣྲོན་ཟླའི་ཚེས་བརྒྱད་ལ་འོག་མིན་གཉིས་པ་ཀཿཐོག་གི་གཙུག་ལག་ཁང་ཆེན་པོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པ་བཞིན་འགྲུབ་པར་གྱུར་ཅིག །མངྒ་ལཾ།། །།