The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Karma Pakshi Guru Yoga—Tibetan

English | བོད་ཡིག

༄༅། །ཀརྨ་པཀྴིའི་བླ་སྒྲུབ་རང་བྱུང་ཐུགས་ཐིག་བཞུགས།

 

བདེ་བའི་སྟན་ལ་ལུས་གནད་བསྲང་།  །
ཐུན་མོང་རྒྱུད་སྦྱོང་སྐྱབས་སེམས་སོགས།  །
སྔོན་འགྲོའི་ལས་རིམ་སྤྱི་ལྟར་བྱ།  །

དངོས་གཞི་བླ་མའི་བསྐྱེད་བཟླས་ནི།  །

ཨ།  སྟོང་པ་ཉིད་དང་སྙིང་རྗེའི་རྩལ།  །

ཟུང་འཇུག་རིག་རྩལ་ཧྲཱིཿདམར་གསལ།  །

དེ་ཉིད་ཡོངས་སུ་གྱུར་པ་ལས།  །

སྣོད་བཅུད་དག་པའི་གཞལ་ཡས་དབུས།  །

ཨར་ནག་རིན་ཆེན་ཁྲི་རྐང་སྟེང་།  །

པདྨ་ཉི་ཟླའི་གདན་སྟེང་དུ།  །

བླ་མ་མཁའ་ཁྱབ་མཁའི་རྡོ་རྗེ།  །

ཆོས་ཀྱི་བླ་མ་དམར་སྨུག་མདོག  །

སྐུ་ཤ་རྒྱས་ཤིང་སྐུ་ཟིལ་ཆེ།  །

སྤྱན་གཉིས་ལྟ་སྟངས་ཧུར་བག་གཟིགས།  །

ཨག་ཚོམ་ནག་པོ་ཁྱུགས་སེ་བ།  །

དབུ་ལ་ཞྭ་ནག་གསེར་མདངས་གསོལ།  །

ཕྱག་གཉིས་པུས་མོའི་སྟེང་དུ་བཀབ།  །

སྐུ་ལ་ཆོས་གོས་བེར་ཕྱམ་གསོལ།  །

ཞབས་གཉིས་ཕྱེད་སྐྱིལ་བཞུགས་པ་ཡི།  །

དབུ་གཙུག་དུས་མཁྱེན་མགྲིན་པ་རུ།  །

ཆོས་གྲགས་རྒྱ་མཚོ་ཐུགས་ཀའི་དབུས།  །

རོལ་པའི་རྡོ་རྗེ་དེའི་ཐུགས་དབུས།  །

རང་བྱུང་རྡོ་རྗེའི་ལྟེ་བ་རུ།  །

མཐོང་བ་དོན་ལྡན་གསང་གནས་སུ།  །

དེ་བཞིན་གཤེགས་རྣམས་བཞུགས་པར་གསལ།  །

གནས་གསུམ་ཡིག་འབྲུ་གསུམ་འོད་ཀྱིས།  །

ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར།  །

 

ཨ།  སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས།  །

ཀ་དག་བླ་མ་གཤེགས་སུ་གསོལ།  །

གསལ་དག་ལོངས་སྐུའི་ཕོ་བྲང་ནས།  །

བདེ་གཤེགས་རིགས་ལྔ་གཤེགས་སུ་གསོལ།  །

ཐུགས་རྗེ་སྤྲུལ་སྐུའི་ཕོ་བྲང་ནས།  །

རིག་འཛིན་བླ་མ་གཤེགས་སུ་གསོལ།  །

ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་།  །

དཔའ་བོ་མཁའ་འགྲོའི་འཁོར་དང་བཅས།  །

རོལ་མོ་མང་པོ་ཁྲོ་ལོ་ལོ།  །

གདུགས་དང་རྒྱལ་མཚན་ལྷུབས་སེ་ལྷུབ།  །

དྲི་ཞིམ་སྤོས་ངད་ཐུ་ལུ་ལུ།  །

ཧཱུྃ་དང་ཕཊ་སྒྲ་འབྲུག་ལྟར་སྒྲོགས།  །

བདུད་དང་ལོག་འདྲེན་འདུལ་ཞིང་བྱོན།  །

བྱིན་རླབས་དངོས་གྲུབ་ཐིབས་སེ་ཐིབ།  །

མོས་པའི་བུ་ལ་བྱིན་གྱིས་རློབས།  །

རྡོ་རྗེ་བཞི་ཡི་དབང་མཆོག་བསྐུར།  །

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།

ཞེས་དྲངས་མོས་གུས་དྲག་ཏུ་བསྐྱེད།  །
དམ་ཚིག་ཡེ་ཤེས་དབྱེར་མེད་པ།  །
ཆུ་ལ་ཆུ་བཞག་བཞིན་དུ་བསྟིམ།

ཀཱ་ཡ་ཝཱཀ་ཙིཏྟ་ཏིཥྛ་བཛྲ།

 

ཧོཿརང་རིག་གདོད་ནས་དག་པ་ཡི།  །

བླ་མ་རིག་འཛིན་ལྷ་ཚོགས་ལ།  །

རང་ངོ་ཤེས་པའི་ཕྱག་གིས་འདུད།  །

གཉིས་མེད་འཛིན་བྲལ་ངང་དུ་མཇལ།  །

ཨ་ཏི་པཱུ་ཧོཿཔྲ་ཏཱིཙྪ་ཧོཿ

 

ཨོཾ་ཨཱཿཧཱུྃ།

ཅིར་སྣང་ཐམས་ཅད་མཆོད་པའི་སྤྲིན།  །

ཡེ་ཤེས་རོལ་པའི་རྒྱན་དུ་ཤར།  །

སྤང་བླང་མེད་པའི་ངང་ནས་མཆོད།  །

མཆོད་པ་ཆེན་པོ་དགྱེས་པར་བཞེས།

ནམ་མཛོད་སྔགས།

ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

དང་།

ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཧོཿ

 

ཨོཾ་ཨཱཿཧཱུྃ་སྭཱ་ཧཱ།

རྡོ་རྗེའི་སྐུ་སྟེ་སྐུ་ཆེན་པོ།  །

ཡེ་ཤེས་གཟི་བརྗིད་ལམ་མེ་བ།  །

དུས་གསུམ་བདེ་གཤེགས་ཐམས་ཅད་དང་།  །

དགོངས་ཀློང་འདུ་འབྲལ་མེད་ལ་བསྟོད།  །

 

བདག་མེད་སེངྒེའི་སྒྲ་ལྡན་པས།  །

འགྲོ་བའི་མ་རིག་མུན་པ་སེལ།  །

གསུང་དབྱངས་ཡན་ལག་དྲུག་ཅུ་ཡི།  །

ཆོས་བསྒྲགས་རྒྱ་མཚོའི་གཏེར་ལ་བསྟོད།  །

 

རྣམ་པར་མི་རྟོག་ཐུགས་མངའ་ཞིང་།  །

ཟབ་ཞི་སྤྲོས་བྲལ་ནམ་མཁའ་ལྟར།  །

མཚན་མའི་ཆོས་ལས་རབ་འདས་པ།  །

རང་བྱུང་འོད་གསལ་རྡོ་རྗེར་བསྟོད།  །

 

ཡིད་བཞིན་ནོར་དང་བུམ་བཟང་ལྟར།  །

ཕན་དང་བདེ་བའི་མཆོག་ཀུན་སྦྱིན།  །

བྲལ་སྨིན་ཡོན་ཏན་རྒྱ་མཚོའི་གཏེར།  །

མཐོང་བ་དོན་ལྡན་ཁྱོད་ལ་བསྟོད།  །

 

གང་ལ་བསྟེན་པ་ཙམ་གྱིས་ནི།  །

མཆོག་ཐུན་དངོས་གྲུབ་ནོར་བུའི་གཏེར།  །

འབད་མེད་ལྷུན་གྱིས་གྲུབ་པ་སྟེར།  །

དེ་བཞིན་གཤེགས་པའི་ཕྲིན་ལས་བསྟོད།  །

 

བསྟོད་བྱ་བསྟོད་བྱེད་ལས་འདས་ཀྱང་།  །

སྒྱུ་མ་ཙམ་དུ་བསྟོད་པ་ཡིས།  །

མཐུ་སྟོབས་རྫུ་འཕྲུལ་དཔག་མེད་པ།  །

ཆོས་ཀྱི་བླ་མ་དང་འདྲར་ཤོག  །

 

བཟླས་པས་ཐུགས་དམ་བསྐུལ་བ་ནི།  །
བླ་མ་རྣམས་ཀྱི་ཐུགས་ཀ་རུ།  །
རང་བྱུང་མི་ཤིག་འོད་ལྔའི་ཀློང་།  །
གསང་སྔགས་འབྲུ་གསུམ་བརྩེགས་མར་གསལ།  །
རླུང་འགོགས་བཟླས་པ་ཅི་ནུས་དང་།  །
ངག་བཟླས་འབུམ་ཕྲག་བཅུ་བཟླས་པས།  །
བླ་མའི་བྱིན་རླབས་འཇུག་པར་འགྱུར།  །

སྐབས་སུ་རིག་འཛིན་སྲོག་གི་སྔགས།

ཨོཾ་ཨཱཿཧཱུྃ་ཀརྨ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ།

ཐུན་མཚམས་མ་ནམ་བཞི་བསྐོར་གྱིས།  །
གསོལ་འདེབས་ཀར་མཁྱེན་ཅི་ནུས་བགྲངས།  །
རྗེས་ལ་ཚོགས་ཀྱི་མཆོད་པ་སོགས།  །
ཅི་རིགས་སྦྱར་ཞིང་ཐུན་མཚམས་སུ།  །
ལྷར་སྣང་འོད་གསལ་ངང་དུ་བསྡུ།  །
ཕྱག་རྒྱ་ཆེན་པོའི་ངང་དུ་བཞག  །

སླར་ཡང་རིག་འཛིན་བླ་མའི་སྐུར།  །
ལམ་གྱིས་ལྡངས་ལ་དགེ་བསྔོ་དང་།  །
ཤིས་བརྗོད་ཇི་ལྟར་རིགས་པར་བྱ།  །
ཁྱེར་སོ་གསུམ་དང་མ་བྲལ་ངང་།  །
རྗེས་སྤྱོད་རྒྱུན་གྱི་རྣལ་འབྱོར་བྱ།  
ས་མ་ཡ།

ཅེས་པའང་ས་ཁྱི་ལོ་ཟླ་གཅིག་ཚེས་དྲུག་ལ་འཁྲུལ་སྣང་ཟ་ཟི་བྱུང་བར་བརྟེན་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པར་འབྲས་ལྗོངས་མཁའ་སྤྱོད་ཌཱ་ཀིའི་ཕོ་བྲང་དུ་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།

འདི་བྲིས་གྲུབ་ཉེ་བ་དང་།  མཚུར་གྲྭ་ཀརྨ་བསྟན་འཛིན་ཕྲིན་ལས་ཞེས་པས་བུ་ཆུང་ཞིག་གཙུག་ཕུད་ཞུ་རྒྱུར།  ཀརྨ་བཤད་སྒྲུབ་དར་རྒྱས་འདོགས།  བུ་མོ་གཅིག་དང་གསུམ་ནས་དར་དང་།  ཕོར་པ།  རིན་གོར་གསུམ་བཅས་ཕུལ་བས་རྟེན་འབྲེལ་ལེགས་སྙམ་མོ།  །

དུས་གསུམ་རྒྱལ་བ་རྣམས་ཀྱི་ཕྲིན་ལས་པ།  །

བསྟན་པ་རྒྱ་མཚོ་མཐའ་ཡས་མཛོད་མངའ་བ།  །

ཀརྨ་པཀྴིའི་ཞབས་ལ་གསོལ་བ་འདེབས།  །

བར་ཆད་བདུད་སྡེའི་དཔུང་ཚོགས་བཟློག་ཏུ་གསོལ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཀརྨ་པཀྵི།

Further information:

BDRC Author Profiles: P733 P1487

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept