Guru Yoga Pacifying Heart Sickness—Tibetan
༄༅། །རྒྱལ་གདོན་སྙིང་ནད་ཞི་བའི་བླ་མའི་རྣལ་འབྱོར་བཞུགས།
པདྨ་གུ་རུ་ལ་ན་མོ།
ཨཿ རང་གི་སྤྱི་བོར་པད་ཉི་དང་། །
རྒྱལ་བསེན་ཕོ་མོའི་གདན་སྟེང་དུ། །
རྩ་བའི་བླ་མ་གུ་རུ་རྗེ། །
ཁྱབ་བདག་པདྨ་དྲག་པོ་ནི། །
དམར་ནག་ཞལ་གཅིག་ཕྱག་གཉིས་པ། །
རྡོ་རྗེ་སྡིག་འཛིན་ཁྲོ་ཆས་རྫོགས། །
གནས་ལྔར་གཤིན་རྗེ་རྟ་མགྲིན་དང་། །
ཕྱག་རྡོར་ཕག་མོ་མེ་དབལ་རྣམས། །
རང་རང་རྒྱན་དང་ཕྱག་མཚན་འཛིན། །
ཐུགས་ཀར་རིག་འཛིན་ཀློང་གསལ་སྙིང་། །
སྔགས་ཆས་རྡོ་རྗེ་ལྕགས་སྡིག་འཛིན། །
རྔམས་བརྗིད་དཔལ་དང་ལྡན་པར་བསྒོམ། །
གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན། །
དམ་ཚིག་ཡེ་ཤེས་དབྱེར་མེད་བསྒོམ། །
གསོལ་འདེབས་ནི།
རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །
དྲག་པོ་ཡེ་ཤེས་རབ་འབར་དང་། །
དབྱེར་མེད་ཀློང་གསལ་སྙིང་པོ་ལ། །
སྙིང་ནས་གུས་པས་གསོལ་བ་འདེབས། །
གེགས་ཞི་བསམ་དོན་ལྷུན་གྲུབ་ཤོག །
ཅེས་གྲངས་མང་གསོགས།
བླ་མའི་སྐུ་ལས་འོད་ཟེར་ནི། །
བདུད་རྩིའི་ཆུ་རྒྱུན་དཀར་ལ་དམར། །
དཔག་མེད་བབས་ནས་ལུས་ཀུན་གང་། །
སྙིང་གི་ནད་རྣམས་སེལ་བ་དང་། །
བདུད་རྩིས་ལུས་ཀུན་ཁེངས་པར་མོས། །
མཐར་ནི་བླ་མ་མར་བྱོན་ཏེ། །
ཙིཏྟ་སྨུག་པོའི་མཆོང་གུར་ནང་། །
འབྲལ་བ་མེད་པར་བཞུགས་པར་བསམས། །
ཐུགས་ཡིད་བསྲེས་ལ་མཉམ་པར་བཞག །
དགེ་བསྔོ་བྱའོ། །
ཞེས་པའང་མེ་བྱ་ཟླ་༡ ཚེས་༡༤ ལ་འབྲས་ལྗོངས་གནས་ནང་དུ་པདྨ་ཡེ་ཤེས་རྡོ་རྗེའི་ཡིད་ལ་འཆར་བ་བཞིན་བྲིས་པ་དུས་ངན་རྒྱལ་གདོན་གྱི་གནོད་པ་ལ་མཆོག་ཏུ་ཕན་པའི་རྒྱུར་གྱུར་ཅིག །།།