Great Pangs of Devotion—Tibetan
༄༅། །བླ་མ་རྩ་གསུམ་སྤྱི་དང་ཁྱད་པར་དྲན་པས་གདུང་སེལ་ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་མཆེད་གཉིས་དང་། མཁྱེན་བརྩེའི་དབང་པོར་གསོལ་འདེབས་མོས་གུས་ཀྱི་གཟེར་ཆེན་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭསྟི།
བཅོམ་ལྡན་ཤཱཀ་ཐུབ་ཉེ་སྲས་གནས་བརྟན་ཆེ། །
རྒྱ་བོད་མཁས་གྲུབ་རིག་འཛིན་ཚོགས་རྣམས་ཀྱིས། །
བྱིན་རླབས་པདྨ་དཀར་པོ་ཆར་དུ་བསྙིལ། །
དུས་གསུམ་ཀུན་ཏུ་བཀྲ་ཤིས་རྒྱལ་གྱུར་ཅིག །
དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མ་དང་། །
ཡི་དམ་ཞི་ཁྲོ་གནས་གསུམ་ཌཱ་ཀིའི་ཚོགས། །
དམ་ཅན་ཆོས་སྐྱོང་ནོར་ལྷ་གཏེར་གཞི་བདག །
དེང་འདིར་བདག་ཅག་རྣམས་ལ་དགོངས་པར་མཛོད། །
དམིགས་མེད་བྱམ༷ས་པ༷་སྙིང་རྗེའི་མངའ་བདག་ཆེ། །
ཀུན༷་བཟང་རྡོ་རྗེ་འཆང་ཆེན་ཧེ་བཛྲ། །
རབ་ཏུ་དགའ༷་བའི་དབང་བསྒྱུར་འཁོར་ལོ་སྡོམ། །
དབྱེར་མེད་བསྟན༷་འཛི༷ན་རྡོ་རྗེར་གསོལ་བ་འདེབས། །
བྱམ༷ས་པ༷་ཆེན་པོས་འགྲོ་ལ་བུ་བཞིན་དགོངས། །
མཐུ་སྟོབས་རྣལ༷་འབྱོར༷་ཕུལ་བྱུང་གྲུབ་པའི་རྗེ། །
ཀུན་རྨོངས་ཞེ་སྡང་ཐ་བ་འཇ༷མ་པའི་དཔ༷ལ། །
བཟ༷ང་པོ༷འི་མཆོག་གྱུར་བླ་མར་གསོལ་བ་འདེབས། །
འཇ༷མ་དཔལ་དབྱང༷ས་ཀྱི་ཡེ་ཤེས་སྒྱུ་མའི་འཕྲུལ། །
མཁྱེན༷་དང་བརྩེ་བ༷འི་དབ༷ང་པོ༷་བཀའ་བབས་བདུན། །
ངོ་མཚར་ཤིང་རྟ་འདྲེན་མཛད་བསྟན་པའི་བདག །
འོད་གསལ་སྤྲུལ་པའི་རྡོ་རྗེར་གསོལ་བ་འདེབས། །
དེ་ལྟར་སྙིང་ནས་གསོལ་བ་བཏབ་པ་ལ། །
འདྲེན་མཆོག་ཡབ་སྲས་རྣམས་ཀྱི་ཐུགས་རྗེས་གཟིགས། །
བུ་ལ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །
བླ་མ་ཡབ་སྲས་ཚོགས་ལ་བློ་གཏད་ན། །
ངེས་པར་མཁྱེན་བརྩེའི་སྤྱན་གྱིས་བཙའ་བ་དང་། །
བྱམས་པའི་ཕྱག་གིས་ནམ་ཡང་མི་གཏོང་བར། །
འདི་ཕྱི་བར་དོ་ཀུན་ཏུ་བསྐྱབ་ཏུ་གསོལ། །
ད་ནི་ལྔ་བརྒྱའི་མཐའ་མ་ཡང་མཐར་ལྷུང་། །
སངས་རྒྱས་བསྟན་པ་ནུབ་རིར་གཞོལ་ལ་ཉེ། །
སྡིག་སྤྱོད་ཀླ་ཀློས་ས་སྟེང་ཐམས་ཅད་ཁྱབ། །
སྐྱེ་འགྲོ་ཐམས་ཅད་སྡུག་ལ་གཏོད་དུས་འདིར། །
བླ་མ་ཡབ་སྲས་ཐུགས་རྗེ་མཐུ་སྟོབས་ཀྱི། །
རྩལ་ཤུགས་ཕྱུངས་ལ་དུས་ཀྱི་རྒུད་པ་བཟློག །
བསྟན་པའི་གེགས་ཆགས་མ་ལུས་བསལ་བ་དང་། །
ཆོས་སྐྱོང་རྒྱལ་པོའི་ཆབ་སྲིད་ཡུན་བརྟན་མཛོད། །
སྐྱེ་འགྲོ་ཕོ་མོའི་ཤེས་རྒྱུད་བགེགས་ཀྱིས་བརླམས། །
བསྟན་འགྲོའི་བདེ་སྐྱིད་འཕྲོག་པར་བྱེད་པ་རྣམས། །
མྱུར་དུ་ཞི་ནས་བྱམས་པའི་སེམས་ལྡན་ཞིང་། །
ཕན་ཚུན་ཕ་མ་ལྟ་བུར་འགྱུར་བར་མཛོད། །
བདག་ཅག་རྣམས་ཀྱང་ཆོས་མཐུན་བསམ་སྦྱོར་ཚོགས། །
འབད་མེད་འགྲུབ་ཅིང་ལྷ་མིན་འབྱུང་པོ་ཡི། །
གནོད་འཚེས་མི་ཚུགས་ཕྱོགས་ལས་རྣམ་པར་རྒྱལ། །
ནད་དང་གདོན་ཞི་ཚེ་མཐར་ཕྱིན་པར་མཛོད། །
སྡེ་བཞི་དགེ་བཅུའི་སྨན་ལྗོངས་ཉམས་དགའ་བར། །
བཀྲ་ཤིས་ལྷ་རི་རྩེ་མོའི་དགོན་པ་རུ། །
ཀུན་མཁྱེན་བླ་མའི་ཆོས་ཀྱི་ཕོ་བྲང་དེར། །
བག་ཕེབས་བཀྲ་ཤིས་དགེ་ལེགས་རྒྱས་པར་མཛོད། །
དེ་ལྟར་གསོལ་བ་བཏབ་བཞིན་འགྲུབ་པ་ལ། །
སངས་རྒྱས་བྱང་སེམས་ཉན་རང་ལ་སོགས་དང་། །
ཁྱད་པར་རྩ་གསུམ་ཀུན་འདུས་ཨོ་རྒྱན་རྗེས། །
བདེན་པའི་རྒྱབ་སྐྱོར་བདེན་དོན་མངོན་སུམ་དུ། །
མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །
ཅེས་པའང་ཁྱི་ཟླ་གཉིས་པའི་ཚེས་ཉེར་དགུ་ལ་དད་པའི་ཤུགས་ཀྱིས་འབྲས་ལྗོངས་ཌཱ་ཀི་འདུ་བའི་གྲོང་ཁྱེར་དུ་ཀུན་དགའ་ཕྲིན་ལས་རྒྱ་མཚོས་བྲིས་པའོ།། །།