The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to the Fifteenth Karmapa—Tibetan

English | བོད་ཡིག

༄༅། །དཔལ་ལྡན་ཀརྨ་བཅོ་ལྔ་པ་ཆེན་པོ་ལ་གསོལ་བ་འདེབས་པ་གྲུབ་གཉིས་མཆོག་སྟེར།

 

ན་མོ་གུ་རུ།

རྒྱལ་བ་སྲས་བཅས་ཀུན་གྱི་ཕྲིན་ལས་བདག །

མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་གཟུགས། །

མི་བསྐྱོད་མཐོན་མཐིང་ཅོད་པཎ་འཆང་བ་ཆེ། །

དཔལ་ལྡན་ཀརྨ་པ་ལ་གསོལ་བ་འདེབས། །

 

དེ་བཞིན་གཤེགས་པ་ཀུན་གྱི་གསང་བའི་མཛོད། །

མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་བདག་ཉིད་ཅན། །

རྫོགས་པའི་སངས་རྒྱས་མི་ཡི་གཟུགས་འཛིན་པ། །

རང་བྱུང་རྟག་པའི་རྡོ་རྗེར་གསོལ་བ་འདེབས། །

 

ཡེ་ཤེས་རྒྱ་མཚོ་ཆེ་ལ་དབང་འབྱོར་ཞིང་། །

ཕྲིན་ལས་རྒྱ་མཚོས་འཁོར་བ་མ་སྟོང་བར། །

སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་པར་བྱེད། །

ལྷན་སྐྱེས་བདེ་བའི་རྡོ་རྗེར་གསོལ་བ་འདེབས། །

 

གང་ལ་གསོལ་འདེབས་དེ་ལ་དེར་བྱིན་རློབས། །

ཐུགས་རྗེ་ཐོགས་མེད་ནམ་མཁའི་གློག་ལྟར་མྱུར། །

མགོན་པོ་སྤྱན་རས་གཟིགས་དང་དབྱེར་མི་བྱེད། །

ཁྱབ་བདག་ཀརྨ་པ་ལ་གསོལ་བ་འདེབས། །

 

བདག་གི་སྒོ་གསུམ་དད་པའི་ཞིང་ས་རུ། །

དཔལ་ལྡན་བླ་མའི་བྱིན་བརླབས་ཆར་རྒྱུན་འབེབས། །

བྱང་ཆུབ་སེམས་ཀྱི་མྱུ་གུ་སྨིན་པའི་རྩེར། །

བླ་མ་སྐུ་བཞིའི་འབྲས་བཟང་སྨིན་པར་ཤོག །

 

ཚེ་རབས་ཀུན་ཏུ་དཔལ་ལྡན་ཀརྨ་པའི། །

ཞབས་སེན་རྡུལ་བྲལ་པདྨ་དཀར་པོ་དེ། །

ཚངས་གནས་འཁོར་ལོའི་རྒྱན་དུ་ཐོབ་པ་དང་། །

ཡེ་ཤེས་དགོངས་བརྒྱུད་འཕོ་བའི་དབང་བསྐུར་སྩོལ། །

 

གང་གི་གསང་གསུམ་ཡིད་ལ་བྱེད་པའི་མཐུས། །

བདག་རྒྱུད་སྨིན་ཅིང་གྲོལ་བའི་དཔལ་ཐོབ་ནས། །

ཕྲིན་ལས་མི་ཟད་ནམ་མཁའི་རྗེས་འགྲོ་བས། །

བསྟན་འགྲོའི་དོན་ཆེན་འགྲུབ་པའི་བཀྲ་ཤིས་ཤོག །

 

ཅེས་པའང་ཨ་མཁར་མཆོག་སྤྲུལ་ཐུབ་བསྟན་འཇམ་དཔལ་རྡོ་རྗེས་འདི་ལྟར་བྲིས་ཤིག་ཅེས་གསུངས་གིས་བསྐུལ་བས་འཇམ་དབྱངས་བློ་གྲོས་རྒྱ་མཚོས་དད་མོས་ཀྱི་གེ་སར་འཛུམ་པ་ལས་བྱུང་བ་འདིས་ཀྱང་ཚེ་རབས་ཀུན་ཏུ་བླ་མ་གངས་རིའི་མགོན་པོ་པད་དཀར་འཆང་བས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་ཨརྠ་སིདྡྷི་རསྟུ། མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

The Fifteenth Karmapa, Khakhyab Dorje

Further information:

BDRC Author Profiles: P733 P563

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept