Entrusting Activity to the Dharmapālas—Tibetan
༄༅། །ཆོས་སྐྱོང་རྣམས་ལ་ཕྲིན་ལས་བཅོལ་བ།
རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་དང་། །
མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་ནི། །
གསར་རྙིང་རིམ་པར་བྱོན་པའི་ཚོགས་རྣམས་ཀྱིས། །
ཐུགས་བསྐྱེད་དཀའ་བས་དྲངས་པའི་མདོ་སྔགས་རྣམས། །
བཤད་དང་སྒྲུབ་པས་དར་ཞིང་རྒྱས་པར་མཛོད། །
རང་བཞིན་ཡོངས་སུ་དག་པའི་ཆོས་རྣམས་ལ། །
ཕྲག་དོག་ལོག་པར་ལྟ་བས་སྒྲིབ་པ་རྣམས། །
ཞི་བས་འདུལ་འོས་ལོག་མུན་སེལ་བ་དང་། །
ཟབ་རྒྱས་ཆོས་ལ་ཡིད་ཆེས་སྐྱེ་བར་མཛོད། །
གང་ཞིག་ཕྱོགས་ལྷུང་གདོན་གྱིས་ཀུན་དཀྲིས་ནས། །
སྙིང་ནས་སྨོད་པའི་བསྟན་པའི་དགྲར་གྱུར་རྣམས། །
འབར་བ་ཆེན་པོའི་མཚོན་གྱིས་བསྒྲལ་ནས་ཀྱང་། །
རྔམས་པའི་ཞལ་དུ་བསྟབ་པའི་ཕྲིན་ལས་མཛོད། །
བསྟན་པ་སྨོད་དང་སྐྱེ་འགྲོའི་བདེ་སྐྱིད་དཔལ། །
འཕྲོག་བྱེད་ཕྱི་ནང་ཀླ་ཀློའི་སྡེ་རིས་ཚོགས། །
བ་མོས་རེག་པའི་མེ་ཏོག་ཇི་བཞིན་དུ། །
ཆབ་སྲིད་དབང་ཐང་བསྣུབ་པའི་ཕྲིན་ལས་མཛོད། །
གང་ན་རྒྱལ་བསྟན་རིན་ཆེན་དད་ཅིང་གུས། །
ལྷག་པའི་བསམ་པ་བཟང་པོ་ལྡན་པ་རྣམས། །
ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །
ཡིད་ལ་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །
ཐུབ་བསྟན་སྒྲོན་མེ་བསྟན་པའི་རྒྱལ་མཚན་སྦྲེངས། །
ཆོས་ཀྱི་རྔ་ཆེན་སྒྲོགས་པའི་བྱང་སེམས་རྣམས། །
བསྟན་པའི་རྩ་བ་གཅིག་ཏུ་ངེས་པས་ན། །
སྐུ་ཚེ་མི་ནུབ་ཡུན་དུ་བསྲིངས་བར་མཛོད། །
བདག་ཅག་རྣལ་འབྱོར་དམ་ལྡན་ཚོགས་རྣམས་ལ། །
དགྲ་གདོན་བགེགས་དང་བྱད་ཁ་རྦོད་གཏོང་དང་། །
ནད་དང་རིམས་ཀྱི་འཚེ་བ་ལ་སོགས་པ། །
མྱུར་དུ་ཞི་ནས་གང་བསམ་ལྷུན་གྲུབ་མཛོད། །
མདོར་ན་བསྟན་སྲུང་དམ་ཅན་རྒྱ་མཚོ་རྣམས། །
སྔོན་གྱི་ཐུགས་དམ་གཉན་པོ་ཉེར་དགོངས་ཏེ། །
མཐུ་སྟོབས་ཕྲིན་ལས་རྩལ་ཤུགས་རབ་ཕྱུངས་ལ། །
སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །
ལུས་དང་གྲིབ་མ་བཞིན་དུ་འགྲོགས་པ་དང་། །
ལེགས་ཉེས་བླངས་དོར་གསལ་བར་སྟོན་པ་དང་། །
འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་ཡིད་བཞིན་འགྲུབ། །
ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །
ཅེས་པ་འདི་པདྨ་ཡེ་ཤེས་རྡོ་རྗེས་མེ་བྱ་རྒྱལ་ཟླའི་ཚེས་ལ་གསོལ་བསྐང་སྐབས་སུ་བྲིས་པ་མཐུ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། བཀྲ་ཤིས་པར་གྱུར་ཅིག། །།