The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Dü Sum Sangyé Guru Yoga—Tibetan

English | བོད་ཡིག

༄༅། །དུས་གསུམ་སངས་རྒྱས་མའི་བླ་མའི་རྣལ་འབྱོར།

 

ཐུགས་སྒྲུབ་རྣམ་བཞིའི་རྒྱབ་ཆོས་གུ་རུའི་གསོལ་འདེབས་དུས་སངས་མ་ཉམས་སུ་བླངས་བར་འདོད་པས་སྐྱབས་སངས་རྒྱས་ཆོས་ཚོགས་ལྟ་བུ།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག

སེམས་སྤྱི་ལྟར་དང་།

 

ཨེ་མ་ཧོཿ རང་སྣང་རྔ་ཡབ་དཔལ་རི་པདྨ་འོད། །

རྒྱ་ཁྱོན་བཀོད་པ་བསམ་ལས་འདས་བའི་དབུས། །

རང་ཉིད་མཚོ་རྒྱལ་དཀར་མོ་བོད་མོའི་ཆས། །

མཉམ་བཞག་བདུད་རྩི་ཐོད་ཞལ་བསྣམ་པར་གསལ། །

མདུན་མཁར་སེང་ཁྲི་པད་ཉི་ཟླ་བའི་སྟེང་། །

རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །

བར་ཆད་ཀུན་སེལ་གུ་རུ་པདྨ་འབྱུང་། །

དཀར་དམར་མདངས་ལྡན་རྡོ་རྗེ་ཐོད་པ་དང་། །

ཚེ་བུམ་བསྣམས་ཤིང་ཁ་ཊྭཱྃ་མཆན་གཡོན་བརྟེན། །

པད་ཞྭ་གསང་གོས་འདང་དམར་ཕོད་ཀ་དང་། །

བེར་ཕྱམས་ཆོས་གོས་རྣམ་གསུམ་མཛེས་པར་བཀླུབས། །

ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། །

དབུ་གཙུག་མཚོ་སྐྱེས་རྡོ་རྗེ་དཀར་དམར་མདངས། །

རྡོ་རྗེ་ཐོད་འཛིན་དར་དང་རིན་ཆེན་རྒྱན། །

མནྡ་ར་བ་གྲི་ཐོད་འཛིན་དང་སྦྱོར། །

ཐུགས་ཀར་གུ་རུ་བདེ་བ་ཆེན་པོ་ནི། །

མཉམ་བཞག་ཐོད་ནང་བདུད་རྩི་བམ་གྱིས་མཚན། །

དེ་ཡི་ཐུགས་དབུས་རྡོ་རྗེ་དྲག་རྩལ་སྔོ། །

ཁྲོ་ཆས་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །

ཕག་མོ་དམར་མོ་གྲི་ཐོད་འཛིན་དང་སྦྱོར། །

དེ་ཀུན་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །

དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །

 

ཚིགས་བདུན་གསོལ་འདེབས་ཡང་ཡང་འདོན།

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔

པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔

པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔

ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔

བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔

གུ་རུ་པདྨ་སིདྡྷི་ཧཱུྃ༔

 

རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ཀྱི་ཡན་ལག་བརྒྱད་པ་ལན་གསུམ་བྱ།

རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །

མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །

དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །

དག་པའི་མཆོད་པ་བཞེས་སུ་གསོལ། །

དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །

ཉེས་བྱས་མ་ལུས་བཤགས་པར་བགྱི། །

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །

མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །

དག་པའི་མཐའ་བཞིའི་དྲི་མ་མེད། །

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །

བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །

དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །

ཚེ་རབས་བགྲངས་པའི་དགེ་བ་རྣམས། །

བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །

 

མོས་གུས་གདུང་ཤུགས་དྲག་པོས། དུས་གསུམ་སངས་རྒྱས༴ ཀྱིས་གསོལ་འདེབས་ཅི་ནུས་དང་། སིདྡྷི་དང་ཐོད་ཕྲེང་རྩལ་ཅི་ནུས་བཟླས་ལ།

དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔

དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔

བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔

གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔

ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༌༔

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

 

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ

 

བླ་མའི་གནས་གསུམ་ཡིག་འབྲུ་ལས། །

རང་འདྲའི་སྐུ་དང་སྔགས་ཕྲེང་དང་། །

ཕྱག་མཚན་འོད་ཟེར་བདུད་རྩིའི་རྒྱུན། །

དཔག་མེད་རང་གི་གནས་གསུམ་དུ། །

རིམ་དང་ཅིག་ཆར་ཐིམ་པ་ཡིས། །

སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །

བླ་མ་འོད་ཞུ་རང་ལ་ཐིམ། །

རང་རིག་བླ་མ་སྐུ་བཞི་ཡི། །

རོལ་པར་བལྟས་ལ་དགོངས་པ་བསྐྱངས། །

 

ཐུན་ལས་ལྡང་བ་ན། དགེ་བསྔོ་དང་། སྐྱེ་བ་ཀུན་ཏུ༴སོགས་ཀྱི་སྨོན་ལམ་བྱའོ། །

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

 

ཞེས་པའང་གླིང་དཀར་ཆོས་ཀྱི་རྒྱལ་པོའི་མདུན་ན་འདོན་གླིང་རུ་སྟོབས་ལྡན་གྱིས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།  །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Padmasambhava

This website uses cookies to collect anonymous usage statistics and enhance the user experience.
Decline
Accept