The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Dolpopa Guru Sādhana—Tibetan

English | བོད་ཡིག

༄༅། །ཀུན་མཁྱེན་དོལ་པོའི་བླ་སྒྲུབ་བཞུགས།

 

རྒྱལ་བ་ཐུབ་པ་ཆེན་པོ་དང་། །
པདྨ་འབྱུང་གནས་སྤྲུལ་པའི་སྐུ། །
ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི། །
རྣལ་འབྱོར་ཟབ་མོ་ཡང་དག་བསྟན། །
དབེན་པའི་གནས་སུ་འདུག་བྱས་ཏེ། །
བདེ་བའི་སྟན་ལ་བག་ཕབ་ནས། །
ངེས་འབྱུང་བྱང་སེམས་ཡང་དག་བསྐྱེད། །

ཨ། འཁོར་འདས་ཆོས་རྣམས་དབྱིངས་སུ་སྡུད། །

མི་གཡོ་གསུམ་ལྡན་བསམ་གཏན་དང་། །

རང་རིག་མ་བཅོས་གཉུག་མ་ལས། །

རིགས་གསུམ་གཅིག་འདུས་སྤྲུལ་པའི་སྐུ། །

སྲོག་རྩོལ་དྭངས་མའི་གོང་བུར་ཤར། །

སྤྲོ་བསྡུའི་ཆོ་འཕྲུལ་ཆེན་པོ་ཡི། །

རྗེས་སུ་དྲན་པའི་ཏིང་འཛིན་རྩལ། །

པདྨ་ཟླ་བའི་གདན་སྟེང་དུ། །

ཀུན་མཁྱེན་པྲཛྙ་དྷྭ་ཛ་ནི། །

དཀར་དམར་མདངས་ལྡན་སྐུ་ཤ་རྒྱས། །

ཆོས་གོས་རྣམ་གསུམ་མཛེས་པར་བཀླུབས། །

དབུ་ལ་པཎ་ཞྭ་དུར་ཁ་གསོལ། །

ཞབས་ཟུང་ཕྱེད་སྐྱིལ་རོལ་པས་བཞུགས། །

ཕྱག་གཉིས་པུས་སྟེང་བཀབ་པ་དང་། །

རྡོ་རྗེའི་ལྟ་སྟངས་དབྱིངས་ལ་གཟིགས། །

གནས་བཞིར་ཡི་གེ་བཞི་འོད་འཕྲོས། །

ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ། །

རང་རིག་ལྟ་བའི་མཇལ་ཕྱག་འཚལ། །

ཕྱི་ནང་གསང་བའི་མཆོད་པས་མཆོད། །

སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །

ཐུགས་ཀར་འཇིག་རྟེན་དབང་ཕྱུག་ནི། །

དཀར་གསལ་ཕྱག་གཡས་མཆོག་སྦྱིན་དང་། །

གཡོན་པ་སྐྱབས་སྦྱིན་པད་དཀར་བསྣམས། །

སེམས་སྐྱིལ་བཞུགས་པའི་ཐུགས་དབུས་སུ། །

འཇམ་དཔལ་དམར་སེར་རལ་གླེགས་བསྣམས། །

ཐུགས་དབུས་གསང་བདག་ཞི་མ་ཁྲོ། །

རྡོར་དྲིལ་བསྣམས་པའི་ཐུགས་ཙིཏྟ། །

འོད་ཀྱི་གུར་ཁང་འབར་བའི་ཀློང་། །

ཧཱུྃ་གི་ཁོག་པར་ཧྲཱིཿདྷཱིཿས་མཚན། །

དེ་ལས་རྡོ་རྗེ་སྔགས་ཀྱི་སྒྲ། །

འཕྲོས་པས་བདག་གཞན་དོན་གཉིས་བྱས། །

སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་རྫོགས། །

དབྱེར་མེད་མཉམ་པ་ཆེན་པོར་བཞག །

རིགས་གསུམ་མགོན་པོའི་བསྙེན་པ་དང་། །
ཁྱད་པར་ཨ་ར་པ་ཙ་བཟླ། །
ཡང་སྙིང་རྣམ་བཅུ་དབང་ལྡན་ནི། །
རྡོ་རྗེ་བཞི་ཡི་སྔགས་ཀྱིས་དྲངས། །
བཟླས་པས་དངོས་གྲུབ་རྣམ་གཉིས་ཐོབ། །
མ་བསླབ་ཆོས་ཀྱི་གཏེར་མཛོད་བརྡོལ། །
ཐུམ་མཚམས་གསོལ་འདེབས་ལན་མང་འདོན། །
ཐུན་མཐར་ལྷར་སྣང་འོད་གསལ་བསྡུ། །
ཐུགས་ཀའི་རིགས་གསུམ་ཐིག་ལེར་ཞུ། །
སེམས་འཛིན་སྤྲོ་བསྡུའི་ཐིག་ལེ་གསུམ། །
གཅིག་དྲིལ་ཆེ་ཆུང་མ་ངེས་པ། །
སྣ་ཚོགས་སྤྲོ་བསྡུས་སྣོད་བཅུད་སྦྱངས། །
སྲིད་དང་ཞི་བའི་དྭངས་བཅུད་བསྡུ། །
ཡེ་ཤེས་ཆེན་པོའི་བཅུད་དུ་སྨིན། །
སྟོང་པ་ཆེན་པོའི་ངང་དུ་ནི། །
བཞག་ལ་ལྡང་ཚེ་དགེ་བསྔོ་དང་། །
ཤིས་པ་བརྗོད་པས་དགེ་ལེགས་བྱ། །

 

ཅེས་པའང་རང་ཉིད་ཀུན་མཁྱེན་ཆེན་པོ་འདི་ལ་མི་ཕྱེད་པའི་དད་པ་བརྟན་པོས་མཚམས་སྦྱར་ཏེ། མེ་བྱ་ཟླ་བཅུ་གཉིས་ཚེས་ལྔ་ལ་འབྲས་ལྗོངས་མཁའ་སྤྱོད་ཌཱ་ཀིའི་ཕོ་བྲང་དུ་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པའོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

དོལ་པོ་པ་ཤེས་རབ་རྒྱལ་མཚན།

Further information:

BDRC Author Profiles: P733 P139

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept