The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Dharmakīrti Guru Sādhana—Tibetan

English | བོད་ཡིག

༄༅། །དཔལ་ཆོས་ཀྱི་གྲགས་པའི་བླ་སྒྲུབ་བཞུགས།

 

སྐྱབས་སེམས་ཚད་མེད་སྔོན་དུ་འགྲོ་བས།

ཨ། ཆོས་ཀུན་སྟོང་པའི་ངང་ཉིད་ལས། །

རིན་ཆེན་ཁྲི་རྐང་པད་ཟླའི་སྟེང་། །

སྨྲ་བའི་དབང་ཕྱུག་ཆོས་ཀྱི་གྲགས། །

དཀར་དམར་འཛུམ་ཁྲོའི་ཉམས་ལྡན་པ། །

རབ་བྱུང་ཆ་ལུགས་ཕྱག་གཡས་པ། །

ཕྱོགས་ལས་རྣམ་རྒྱལ་ཕྱག་རྒྱ་ཅན། །

གཡོན་པ་པུས་སྟེང་སྐྱབས་སྦྱིན་མཛད། །

དབུ་ལ་པཎ་ཞྭ་ལེབ་མོར་གསོལ། །

ཞབས་གཉིས་རོལ་སྟབས་སྐུ་འགྱིང་ཉམས། །

གནས་གསུམ་ཡི་གེ་འབྲུ་གསུམ་དང་། །

ཐུགས་དབུས་ཟླ་སྟེང་རལ་གྲི་སྔོ། །

ཆང་ཟུང་ལྟེ་བར་དྷིཿདང་ནི། །

ངོས་ལ་དབྱངས་གསལ་ཕྲེང་བ་འབར། །

ཐུགས་ནས་འོད་འཕྲོས་ཡེ་ཤེས་པ། །

སྤྱན་དྲངས་དམ་ཡེ་དབྱེར་མེད་བསྟིམ། །

ཡན་ལག་བདུན་པས་མཆོད་པར་བྱ། །

སྤྲོ་ན་མཎྜལ་དག་ཀྱང་འབུལ།

 

ཨེ་མ་ཧོ།

ཀུན་ཏུ་བཟང་པོའི་སྨོན་ལམ་འཕྲུལ། །

ཀུན་རྟོག་དྲྭ་བ་གཅོད་མཛད་པ། །

ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས། །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

ཅེས་དང་།

ཨོཾ་ཨཱཿགུ་རུ་དྷརྨ་ཀཱིརྟི་སརྦ་སིདྡྷི་ཕ་ལ་ཧཱུྃ།

ཞེས་བཟླ།

བླ་མའི་སྐུ་དང་ཐུགས་ཕྱག་མཚན། །

སྔགས་དང་འོད་ཟེར་བདུད་རྩིའི་རྒྱུན། །

ཆར་ལྟར་བབས་ནས་རང་ཐིམ་བསམ། །

 

སླར་ཡང་གསོལ་བ་གདབ་པ་ནི།

མཁྱེན་རབ་ཡེ་ཤེས་འོད་ཀྱི་ཟེར་སྟོང་གིས། །

བདག་བློའི་མུན་པ་རིང་དུ་བསལ་མཛད་པ། །

དཔལ་ལྡན་ཀུན་ཏུ་བཟང་པོ་ཆོས་ཀྱི་གྲགས། །

འཛམ་གླིང་ཤིང་རྟ་ཆེན་པོར་གསོལ་བ་འདེབས། །

ལོག་སྨྲ་མུ་སྟེགས་གླང་པོའི་སྤྱི་བོ་འགེམ། །

རྩོད་པས་ཐུབ་པའི་བསྟན་པ་གསལ་བྱེད་པ། །

སྨྲ་བའི་སེངྒེ་གཟི་བརྗིད་མཚུངས་པ་མེད། །

ཧེ་རུ་ཀ་དཔལ་གྲུབ་པའི་དབང་ཕྱུག་ཆེ། །

རྟག་ཏུ་བདག་ལ་དགོངས་པར་མཛད་ནས་ཀྱང་། །

ཡང་དག་རིག་པའི་ལམ་ནས་རྒྱལ་གསུང་ཀུན། །

ཚད་མའི་ལམ་ནས་དྲངས་པའི་ངེས་ཤེས་ཀྱིས། །

སྟོན་དང་བསྟན་པར་ཡིད་ཆེས་ཐོབ་པར་ཤོག །

 

ཕྱིན་ཅི་ལོག་སྨྲ་མུ་སྟེགས་ཀླ་ཀློ་ཡི། །

འཁྲུལ་པས་བསྐྱེད་པའི་རྣམ་བཞག་ཇི་སྙེད་པ། །

འགྲོ་ལ་ཕན་བདེའི་རྒྱུ་རུ་མཆིས་རྣམས་ལས། །

དོན་མེད་དོན་ལོག་གཞོམ་པའི་མཐུ་ལྡན་ཤོག །

 

ཀུན་མཁྱེན་བསྟན་པ་ཇི་སྲིད་གནས་ཀྱི་བར། །

ཚད་མ་རིག་པའི་ཞུགས་ལྕེ་རྣོན་པོ་ཡིས། །

ཆོས་དང་ཆོས་མིན་སྤང་བླང་རབ་འབྱེད་ཅིང་། །

ལྟ་བ་ངན་པའི་ཚང་ཚིང་བསྲེགས་པར་ཤོག །

 

སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀུན་ཏུ་བཟང་། །

ཆོས་ཀྱི་གྲགས་པ་རིགས་ཀྱི་བདག་པོར་ཐོབ། །

བཀའ་དང་བསྟན་བཅོས་ཚིག་དོན་རྣམ་འབྱེད་པའི། །

བློ་གྲོས་སྤོབས་པའི་གཏེར་མཆོག་ཐོབ་པར་ཤོག །

 

བླ་མའི་གནས་གསུམ་ཡིག་འབྲུ་གསུམ་རྣམས་ལས། །

དཀར་དམར་སྔོ་བའི་འོད་ཟེར་རིམ་གྱིས་བྱུང་། །

རང་གི་སྒོ་གསུམ་ལ་ཐིམ་ཐུགས་དབུས་ནས། །

རལ་གྲི་ས་བོན་དང་བཅས་གཉིས་པ་ཆད། །

རང་གི་སྙིང་ནང་ཞུགས་ཤིང་འོད་ཟེར་གྱིས། །

སྙིང་གི་མུན་སེལ་རྩ་སྒོ་འབྱེད་པར་མོས། །

ཨོཾ་ཨ་ར་པ་ཙ་ན་དྷཱིཿ

གྲངས་མང་དང་དབྱངས་གསལ་རྟེན་སྙིང་བརྗོད།

དཔལ་ལྡན་བླ་མ་འོད་ཞུ་རང་ཐིམ་དང་། །

རིག་སྟོང་ཀུན་ཏུ་བཟང་པོའི་ངང་ལ་བཞག །

 

ཐུན་མཐར་དགེ་བསྔོ་སྨོན་ལམ་སོགས་བྱའོ། །

 

ཅེས་པའང་ཆོས་ཀྱི་བློ་གྲོས་པས་རང་གི་དོན་དུ་བྲིས་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ་ཛ་ཡ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཆོས་ཀྱི་གྲགས་པ།

Further information:

BDRC Author Profiles: P733 P6120

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept