Daily Yangdak Heruka—Tibetan
༄༅། །ཡང་དག་རྒྱུན་ཁྱེར་བཞུགས།
སྐྱབས་སེམས་སྤྱི་ལྟར་རྗེས།
ཨཿསྟོང་པ་ཉིད་དང་སྙིང་རྗེ་ཆེ། །
ཟུང་འཇུག་རིག་རྩལ་ཧཱུྃ་མཐིང་ནག །
དེ་ཉིད་ཡོངས་གྱུར་སྐད་ཅིག་གི།
པད་ཉི་དྲེགས་པའི་གདན་སྟེང་དུ། །
དཔལ་ཆེན་བཛྲ་ཧེ་རུ་ཀཿ།
མཐིང་ནག་ནམ་མཁའ་དྭངས་པའི་མདོག །
མཐིང་དཀར་དམར་བའི་ཞལ་གསུམ་པ། །
ཕྱག་དྲུག་རྡོ་རྗེ་ཁ་ཊྭཱྃ་གཡས། །
དྲིལ་བུ་བྷནྡྷ་རྒྱུ་ཞགས་གཡོན། །
དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །
ཡུམ་ཆེན་ཀྲོ་དྷི་ཤྭ་རི་མ། །
མཐིང་སྐྱ་རྡོ་རྗེ་ཐོད་ཁྲག་བསྣམས། །
གར་དགུའི་ཉམས་ལྡན་འབར་བའི་སྐུ། །
ཡེ་ཤེས་མེ་དཔུང་ཀློང་ན་བརྗིད། །
གཽ་རི་ལ་སོགས་ཁྲོ་མོ་བརྒྱད། །
གཡས་གཡོན་ཞལ་དང་ཕྱག་ལ་རྫོགས། །
གནས་གསུམ་ཡི་གེ་གསུམ་གྱིས་མཚན། །
ཡེ་ཤེས་དབང་བསྐུར་དབུ་རྒྱན་རྫོགས། །
དམ་ཡེ་གཉིས་མེད་ཆེན་པོར་གསལ། །
ཐུགས་ཀར་དཔལ་གྱི་བེའུའི་དབྱིངས། །
ཧཱུྃ་མཐིང་རུ་ལུ་འབྲུ་བརྒྱད་འཕྲོ། །
མར་མེ་ལྟ་བུ་གསལ་ཞིང་འབར། །
སྣང་གྲགས་གཉིས་མེད་དཔལ་ཆེན་པོའི། །
ཡེ་ཤེས་འཁོར་ལོར་སད་པར་བསམ། །
ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ།
ཞེས་བཟླ། སྐབས་སུ་རྡོ་རྗེའི་བཟླས་པ་དང་། རླུང་སྔགས་རིག་པ་དབྱེར་མེད་དང་། །ཡང་དག་དགོངས་པའི་ངང་བསྐྱང་ངོ་། །
ཐུན་མཐར།
སྣང་ཆ་ལྷ་ཡི་འཁོར་ལོ་རྣམས། །
སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །
སླར་ཡང་དཔལ་ཆེན་ཧེ་རུ་ཀའི། །
གསང་བ་གསུམ་གྱི་རོལ་བ་ཤར། །
བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ།
དགེ་བསྔོ་སྨོན་ལམ་བྱས་ནས་སྤྱོད་ལམ་ལ་འཇུག་གོ །
ཅེས་པའང་བསོད་ནམས་རྒྱལ་མཚན་གྱི་ཐུགས་བཞེད་ལྟར། ཆོས་ཀྱི་བློ་གྲོས་པས་ལྷོ་བྲག་མཁར་ཆུར་བྲིས་པའོ།། །།