Concerning the Sixth Mingyur Rinpoche—Tibetan
༄༅། །ཡོན་དགེ་མི་འགྱུར་རྡོ་རྗེ་སྐུ་ཕྲེང་དྲུག་པ་ལ་ཞབས་འདེགས་བསྐུལ་བའི་ཞུ་ཡིག
འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་འཆང་བའི་གཏམ། བོད་དང་བོད་ཆེན་ལྗོངས་ཀྱི་ཆར་འཁོད་མཆོག་ཕལ་ཐམས་ཅད་ནས་ཐུགས་ངེས་ཞུ་རྒྱུར། དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཀྱི་རྡོ་རྗེའི་ལུང་གིས་གསལ་བར་བསྔགས་ཤིང་ལྷ་སྲས་མུ་ཁྲི་བཙན་པོའི་རྣམ་རོལ་སྤྲུལ་པའི་གཏེར་འབྱིན་ཆེན་པོ་ནུས་ལྡན་ཉེར་གཅིག་གི་ཡ་གྱལ་ཡོན་དགེ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་ཞེས་མཚན་གྱི་སྙན་པ་ཉི་ཟླ་ལྟར་ཡོངས་སུ་གསལ་ཞིང་སྙིགས་དུས་བསྟན་འགྲོའི་མགོན་སྐྱབས་ཆེན་པོ་དེ་ཉིད་ཀྱི་སྐྱེ་ཕྲེང་དྲུག་པ་ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ་ངེས་དོན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་འདི་ཉིད་སྐུ་ཞབས་སི་ཏུ་རྡོ་རྗེ་འཆང་ཆེན་པོ་པདྨ་ཀུན་བཟང་དབང་མཆོག་རྒྱལ་པོས་ཡེ་ཤེས་གཟིགས་པའི་རྡོ་རྗེའི་ལུང་གིས་བསྟན་པ་བཞིན་འཁྲུལ་མེད་ཡིད་ཆེས་སུ་གྱུར་ཅིང་། ངོས་རྩར་རིན་གཏེར་ཆེན་མོའི་དབང་ལུང་གཙོས་ཆོས་འབྲེལ་ཟབ་རྒྱས་ཕུལ་བ་དང་། དམ་པའི་རིགས་ཀྱི་ནུས་པ་ཡོངས་སུ་སད་ཅིང་སྐུ་ཚེར་བར་ཆད་མ་བྱུང་ན་རྒྱལ་བསྟན་སྤྱི་དང་། བཀའ་རྙིང་གི་བསྟན་པར་ཕན་ཐོགས་རྒྱ་ཆེན་འབྱུང་ངེས་ལ། མཆོག་ཕལ་ཐམས་ཅད་ཀྱི་དད་མོས་བསྐུར་བཟོས་དང་། བསྟན་འགྲོར་དགེ་བའི་མཛད་ཕྲིན་ཐམས་ཅད་ལ་ཞབས་འདེགས་མཐུན་འགྱུར་གང་གཟབ་མཛད་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་སྨོན་ལམ་གྱི་སྟོབས་ལས་འདི་ཕྱིའི་ལེགས་ཚོགས་འཕེལ་རྒྱས་སུ་འགྱུར་བས་ངེས་འཚལ། །ཞེས་ཆུ་འབྲུག་ཟླ་༥ཚེས་ལ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོ་ནས་སྤེལ་བ་དགེ། །།