Praise of Candragomin—Tibetan
༄༅། །མ་ཧཱ་པཎྜི་ཏ་ཙནྡྲ་གོ་མི་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས།
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
གཟོད་ནས་ཞི་བ་ཆོས་ཀྱི་དབྱིངས། །
རྣམ་པར་གྲོལ་བ་བྱང་ཆུབ་ཀྱང་། །
མཁྱེན་བརྩེ་ཡེ་ཤེས་ཆེན་པོའི་སྐུ། །
སླར་ཡང་ཞིང་འདིར་སྣང་བར་གྱུར། ༡ །
མཚན་དཔེའི་དཀྱིལ་འཁོར་རབ་རྒྱས་ཤིང་། །
གསུང་དབྱངས་དྲུག་ཅུའི་ཉམས་ལྡན་པ། །
ཕ་རོལ་ཕྱིན་ཐུགས་བདག་ཉིད་ཅན། །
འཇམ་དབྱངས་བླ་མ་ཁྱེད་ལ་འདུད། ༢ །
མཚན་མའི་ཆོས་ཀྱི་གཞན་མི་མཛའ། །
ཆོས་ཀྱི་ཕུང་པོའི་གཏེར་མཛོད་འཆང་། །
དོན་དམ་ངེས་པའི་བདག་ཉིད་ཅན། །
བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། ༣ །
འགྲོ་ལ་སྙིང་རྗེའི་ཟླ་བ་ནི། །
གང་བ་བརྒྱ་ནི་བརྩེ་བའི་ཞལ། །
བྱང་སེམས་རི་བོང་ཅན་གྱིས་བརྒྱན། །
ཕན་བདེའི་བདུད་རྩི་སྩོལ་ལ་འདུད། ༤ །
མཐོང་ན་མི་མཐུན་མེད་པ་ཡི། །
ཚངས་སྤྱོད་གཙང་མའི་སྐུ་མཆོག་ལས། །
ཚུལ་ཁྲིམས་བསུང་ཞིམ་རྒྱང་དུ་འཐུལ། །
སྡོམ་བརྩོན་ཆེན་པོའི་ཞབས་ལ་འདུད། ༥ །
ཐོས་བསམ་རྒྱ་མཚོའི་གླིང་དུ་བཞུགས། །
སྒོམ་བྱུང་ནོར་བུའི་རྒྱན་ཆས་སྤྲས། །
ལུང་དང་རིག་པའི་གདེང་ཀ་ཅན། །
ཀླུ་སྒྲུབ་གཉིས་པ་ལ་ཕྱག་འཚལ། ༦ །
རིགས་གསུམ་སྒྲོལ་མ་ཡི་དམ་ལྷས། །
ཡང་ཡང་དངོས་སུ་ཞལ་སྟོན་ཅིང་། །
ཟབ་རྒྱས་ཆོས་ཀྱི་བགྲོ་གླེང་མཛད། །
ཐེ་ཚོམ་དྲྭ་བ་བཅད་ལ་འདུད། ༧ །
འཕགས་ཡུལ་མཁས་པ་བགྲངས་ཡས་ཀྱིས། །
ཁྱོད་ཀྱི་ཞབས་སེན་གཙུག་ཏུ་བཀུར། །
གང་གིས་འཆད་པའི་ཆ་ཤས་ཀྱིས། །
སྤོབས་པའི་གཏེར་འབྱེད་ཁྱོད་ལ་འདུད། ༨ །
དྲེགས་ལྡན་རྒོལ་བ་ངན་པ་བཟློག །
ཡང་དག་བསྟན་པའི་གདུགས་དཀར་བསྒྲེངས། །
ཐེག་ཆེན་ཟབ་རྒྱས་མཁའ་ཡི་ངོགས། །
ཟླ་གྲགས་ཁྱོད་ལས་གཞན་སུ་ཞིག ༩ །
དེ་ཕྱིར་འཕགས་པ་ཐོགས་མེད་ཀྱི། །
བཞེད་གཞུང་འཇིག་རྟེན་གསུམ་ན་མཛེས། །
དྲི་མེད་ཉིན་མོར་བྱེད་པ་ལས། །
ལྟ་སྤྱོད་ཟུང་འཇུག་ལམ་བཟང་ཕྱེས། ༡༠ །
ཕྱི་ནང་རིག་པའི་གནས་མཐའ་དག །
ལེགས་པར་བཤད་པའི་བསྟན་བཅོས་ཚོགས། །
མཁས་པ་རྣམས་ཀྱི་མིག་གཅིག་པུ། །
བསྐལ་པའི་མཐར་ཡང་མི་ཉམས་བསྐྲུན། ༡༡ །
རིམ་གཉིས་ལམ་ལ་སློབ་མཐར་ཕྱིན། །
སློབ་པ་མིན་པའི་གོ་འཕང་མཆོག །
ཀུན་ཁྱབ་ཀུན་བཟང་ཆོས་ཀྱི་སྐུ། །
རྡོ་རྗེ་འཆང་དབང་ཁྱོད་ལ་འདུད། ༡༢ །
བདག་ཅག་ཁྱེད་ལ་དད་པ་ཡི། །
བསྟོད་པའི་རྒྱུད་མངས་སྦྲེང་བ་ལས། །
ཁྱོད་ཐུགས་དགྱེས་པ་རབ་བསྐྱེད་དེ། །
བློ་གྲོས་སྣང་བ་སྩལ་དུ་གསོལ། ༡༣ །
དེང་ནས་བྱང་ཆུབ་མ་ཐོབ་བར། །
མགོན་པོས་འབྲལ་མེད་རྗེས་བཟུངས་ཤིང་། །
མཁྱེན་གཉིས་ཡེ་ཤེས་མེ་འོད་ཀྱིས། །
སྒྲིབ་པའི་ཚང་ཚིང་བསྲེག་ཏུ་གསོལ། ༡༤ །
འཆད་རྩོད་རྩོམ་ལ་རང་དབང་འབྱོར། །
ཡང་དག་ལྟ་ལ་ངེས་པ་རྙེད། །
རྨད་བྱུང་སྤོབས་པའི་སྒོ་བརྒྱ་འབྱེད། །
ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ། ༡༥ །
ཅེས་རྨད་དུ་བྱུང་བའི་སློབ་དཔོན་དགེ་བསྙེན་ཆེན་པོ་ཟླ་བའི་ཞབས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ཡང་གང་གི་རྣམ་ཐར་ཡིད་ལ་བཀོད་ཅིང་དད་པའི་ཉེར་ལེན་ལས་བྱུང་བ་པོ་ནི་གཞོན་ནུ་མཉྫ་གྷོ་ཥ་དྷརྨ་མ་ཏིས་གུས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།