The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Amoghapāśa Dhāraṇī Recitation Method—Tibetan

English | བོད་ཡིག

༄༅། །སྤྱན་རས་གཟིགས་དོན་ཡོད་ཞགས་པའི་གཟུངས་བཀླག་ཐབས་བཞུགས།  །

 

སངས་རྒྱས་ཆོས་ཚོགས་སོགས་སྐྱབས་སེམས་དང་།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ།

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག

སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག

སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག

ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམ་ཚད་མེད་པ་ལ་གནས་པར་གྱུར་ཅིག

རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་པདྨ་དམར་པོ་འདབ་མ་རྒྱས་པའི་སྟེང་དུ་བླ་མ་འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ།

གཡས་གཉིས་ན་ཞགས་པ་དང་རྡོ་རྗེ།

གཡོན་གཉིས་ན་ལྕག་ཀྱུ་དང་འཕྲེང་བ་འཛིན་པ།

རྒྱན་དམར་པོ་དང་སྟོད་གཡོག་གསོལ་བ།

ཞབས་གཉིས་མཉམ་པར་བཞེངས་པར་གསལ་བའི་ཐུགས་ཀར་ཟླ་དཀྱིལ་སྟེང་དུ་ཧྲཱིཿཡིག་གི་མཐར་གཟུངས་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་གཙུག་ནས་ཞུགས་པས།  ལས་ཉོན་སྡིག་སྒྲིབ།  ནད་གདོན་བར་བཅོད་ཐམས་ཅད་བསྐྲུས་ཤིང་དག་པ་དང་།  སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་པར་བསམ།

གཟུངས་རིང་ཚར་གང་འགྲོ་དང་།  གཟུངས་ཐུང་གྲངས་ཅི་ནུས་ཟླ།  མཐར།

བླ་མ་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ།

ཞེས་གསོལ་བ་བཏབ་པས་བླ་མ་དོན་ཡོད་ཞགས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར་པར་བསམ་ལ་གནས་ལུགས་ཀྱི་ངང་དུ་མཉམ་པར་བཞག་གོ།

མཐར་དགེ་བ་བསྔོ་བ་སོགས་དཀྱུས་ལྟར་བྱའོ།  །

 

ཞེས་པའང་དགེ་རྟགས་མཆོག་སྤྲུལ་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།   །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Red Amoghopāśa

This website uses cookies to collect anonymous usage statistics and enhance the user experience.
Decline
Accept