The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Amitābha Purification—Tibetan

English | བོད་ཡིག

༄༅། །འོད་དཔག་མེད་ཀྱི་སྒོ་ནས་སྡིག་སྦྱོང་བཞུགས་སོ།  །

 

སངས་རྒྱས་འོད་དཔག་ཏུ་མེད་པའི་སྒོ་ནས་སྡིག་པ་སྦྱོང་ཞིང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འདོད་པའི་རྣལ་འབྱོར་པས་སྟན་བདེ་བ་ལ་བསྡད་ནས།  མདུན་གྱི་ནམ་མཁར་བླ་མ་དང་མགོན་པོ་འོད་དཔག་མེད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ་ལ།

འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡི།  །

སངས་རྒྱས་ཆོས་དང་དགེ་འདུན་ལ།  །

བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།  །

རྟག་པར་བདག་ནི་སྐྱབས་སུ་མཆི།  །

ཞེས་གྲངས་ཅི་མང་དང་།

བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ།  །

རྣམ་པ་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི།  །

ཁྱེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི།  །

ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ།  །

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི།

ཤེས་རབ་སྙིང་བརྩེ་དང་བཅས་པས།  །

བརྩོན་པས་སེམས་ཅན་དོན་དུ་བདག  །

སངས་རྒྱས་མདུན་དུ་གནས་བཅས་ཏེ།  །

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི།

སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ།

དེའི་དོན་དུ་འོད་དཔག་མེད་སྒོམ་པར་བགྱིའོ།  །

ཞེས་ལན་གསུམ་གྱིས་སེམས་བསྐྱེད།

རང་གང་དུ་གནས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ཚད་མེད་པས་ཡོངས་སུ་མཛེས་པར་བྱས་པའི་རང་གི་མདུན་དུ་རིན་པོ་ཆེའི་ཁྲི་ཆེན་པོ་པདྨ་དང་ཟླ་བའི་གདན་དང་བཅས་པའི་སྟེང་ན་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་མངོན་སུམ་བཞིན་དུ་བཞུགས་པར་གྱུར།

ན་མོ་བྷ་ག་ཝ་ཏེ་ཨ་མི་ཏ་བྷཱ་ཡ་

ཞེས་པས་ཕྱག་འཚལ།

ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང་།

ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །

དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །

བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །

ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །

 

བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །

རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །

ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །

རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །

རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །

སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །

དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །

ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །

 

དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །

དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །

རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །

བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །

 

མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །

སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །

མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

 

ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །

ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །

བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

 

མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །

དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །

བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །

རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །

འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །

ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །

སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །

དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །

ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །

རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །

འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །

དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །

གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །

བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །

མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །

འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །

མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །

འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །

བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །

བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །

ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །

རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །

དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །

ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །

 

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སྐྱབས་སུ་མཆིའོ།  །

སྡིག་པ་ཐམས་ཅད་སོ་སོར་བཤགས་སོ།  །

བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།  །

སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ།  །

མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ།  །

དགེ་བའི་རྩ་བ་འདིས་སངས་རྒྱས་འོད་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་གྱུར་ཅིག  །

ཅེས་ཡན་ལག་བདུན་པ་རྒྱས་པ་ཚར་གཅིག་དང་།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།  །

མཆོད་དོ།  །

སྐྱབས་སུ་མཆིའོ།  །

སྡིག་པ་ཐམས་ཅད་སོ་སོར་བཤགས།  སོགས་མན་ཆོད་གོང་ལྟར་ལ་ལན་གཉིས་བྱའོ།  །

བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།  །

སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ།  །

མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ།  །

དགེ་བའི་རྩ་བ་འདིས་སངས་རྒྱས་འོད་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་གྱུར་ཅིག  །

དེ་ནས།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱོང་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་མཛད་དུ་གསོལ།

ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ།

དབུགས་ཕྱིར་རྒྱུ་དང་ལྷན་གཅིག་ཏུ།  །རྣམ་ཤེས་འོད་ཀྱི་རྣམ་པ་ནི།  །རང་གི་སྣ་བུག་གཡོན་ནས་ཐོན།  བཅོམ་ལྡན་ཤངས་བུག་གཡས་སུ་ཞུགས།  །རྒྱལ་བའི་ཐུགས་དང་དབྱེར་མེད་གྱུར།  །རླུང་ནི་ནང་དུ་འཇུག་པའི་ཚེ།  །བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས།  །འོད་ཟེར་ཤངས་བུག་གཡོན་ནས་ཐོན།  །རང་གི་སྣ་བུག་གཡས་ནས་ཞུགས།  །སྙིང་ཁར་ཐིམ་པའི་དམིགས་པ་བཅས།  །དེ་ལྟར་ཡང་ཡང་བསྐྱར་ལ་འབད།  །ཐུན་གྱི་མཐར་དབུགས་ནང་དུ་འཇུག་པ་དང་བསྟུན་ནས།

མདུན་གྱི་བཅོམ་ལྡན་འདས་རང་ལ་ཐིམ་པས་རང་ཉིད་ཀྱང་འོད་དཔག་ཏུ་མེད་པར་གྱུར་པ་ནི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་པ།

སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ།

ཕྱག་གཉིས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ།

མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་།

དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུར་གསལ་བར་གྱུར།

ལྷ་སྐུ་ལ་དམིགས་པ་གཏད་དེ།

ཨོཾ་ཨ་མི་ཏཱ་བྷ་ཧྲཱིཿསྭཱ་ཧཱ་

ཞེས་ཅི་ནུས་བཟླ།

ཐུན་ལས་ལྡང་བ་ན།  འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འམ།  མི་ནུས་ན།

རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །

པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །

སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །

ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །

ཅེས་དང་།

དགེ་བ་འདི་ཡི་བདག་སོགས་སེམས་ཅན་ཀུན།  །

ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན།  །

ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས།  །

འོད་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག  །

ཅེས་པས་བསྔོ་བ་བྱས་ནས།

ཨོཾ་བཛྲ་མུཿཞེས་པས་རང་ལ་བསྟིམས་པའི་སངས་རྒྱས་མགོན་པོ་འོད་དཔག་མེད་བདེ་བ་ཅན་དུ་གཤེགས་པར་བསམ་ལ།  རང་གི་དཔྲལ་བ།  མགྲིན་པ།  སྙིང་ག་རྣམས་སུ།

ཨོཾ་ཨཱཿཧཱུྃ།

བཀོད་པས་བསྲུང་ལ།  སྤྱོད་ལམ་ལ་འཇུག་པར་བྱའོ།  །གནས་སྐབས་ཐམས་ཅད་དུ་རང་འདུག་པའི་གནས་བདེ་ཆེན་ཞིང་དང་།  སྟོན་པ་སངས་རྒྱས་འོད་དཔག་མེད་ཡང་ཡང་ཡིད་ལ་བྱེད་པ་དང་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་།  དགེ་བའི་རྩ་བ་རྣམས་ཞིང་དེར་སྐྱེ་བའི་རྒྱུར་བསྔོ་བར་རྣམས་དང་མི་འབྲལ་བར་གལ་ཆེ་ཞིང་འགྲོ་བའི་ཚེ་རང་གི་མདུན་ན་སངས་རྒྱས་འོད་དཔག་ཏུ་མེད་པ་བཞུགས་པ་དེ་ཡི་ཕྱོགས་སུ་འགྲོ་བར་བསམ་མོ།  །

དེ་ལྟར་དད་བརྩོན་དྲག་པོས་ཐེ་ཚོམ་མེད་པར་བརྩོན་ན་ཚེ་འདིར་ཚེ་རིང་ཞིང་བར་ཆད་ཞི་བ་དང་།  ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འགྱུར་བ་ནི་ངེས་པའོ།  །

 

ཅེས་པའང་རྗེ་བཙུན་ས་སྐྱ་པའི་མན་ངག་ཆོས་རྒྱལ་འཕགས་པའི་གསུངས་རབ་ལ་གསལ་བྱེད་ཕྲན་བུས་བརྒྱན་ཏེ་ཆོས་ཀྱི་བློ་གྲོས་པས་བྲིས་པ་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང་།  འབྲེལ་ཚད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག  །།།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Amitābha, Buddha of Boundless Light

Further information:

BDRC Author Profiles: P733 P1048

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept