Advice for Lakar Ane Kalchö—Tibetan
༄༅། །ལ་དཀར་ཨ་ནེ་སྐལ་ཆོས་ལ་གདམས་པ་བཞུགས།
བླ་མ་ལ་ཕྱག་འཚལ་ལོ། བློ་ལྡོག་རྣམ་བཞི་སྐྱབས་འགྲོ་དང་། །བྱམས་དང་སྙིང་རྗེ་བྱང་སེམས་བསྒོམ། །སྒྲིབ་སྦྱོང་ཚོགས་བསག་ནན་ཏན་བྱ། །བྱིན་རླབས་བླ་མའི་རྣལ་འབྱོར་བསྒོམ། །གསོལ་བཏབ་དབང་བླངས་ཐུགས་ཡིད་བསྲེ། །སེམས་ཀྱི་གཞི་རྩ་ལེགས་པར་བཅད། །ལུས་ནི་བསྒུལ་བསྐྱོད་བྲལ་བར་བཞག། ངག་གི་སྨྲ་བ་རྒྱུན་བཅད་ཅིང་། །སེམས་ཀྱིས་རྟོག་པའི་རྗེས་མི་འབྲང་། །འགྱུ་བ་རང་སར་བཞག་པ་དང་། །རླུང་ནི་དལ་ཞིང་མིག་འབྲས་ནི། །དབྱིངས་ལ་གཏད་པ་དེ་ཡི་སྐབས། །རིག་པ་དངོས་མེད་ནམ་མཁའ་ལྟར། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་རིག་པ་རྟོག་པ་མེད། །ཀུན་གྱི་འཆར་གཞི་གོ་མ་འགགས། །གསལ་དྭངས་ངང་ལ་མ་ཡེངས་བཞག། རྩལ་སྣང་རྟོག་པའི་རྗེས་མི་འབྲང་། །རང་ཤར་རང་གྲོལ་ཉིད་དུ་བྱ། །ཆོས་རྣམས་སྒྱུ་མ་ལྟ་བུར་བལྟ། །ནམ་ཞིག་འཆི་པའི་དུས་བྱེད་ཚེ། །ཞེན་ཆགས་འཁྲི་བ་ཀུན་སྤངས་ལ། །སྤྱི་བོར་རྩ་བའི་བླ་མ་བསྒོམ། །རིག་པ་ཨ་ཡིག་རྣམ་པས་ནི། །བླ་མའི་ཐུགས་ཀར་ཡང་ཡང་སྤར། །དེ་ཡི་ངང་དུ་འཆི་ནུས་ན། །དག་པའི་ཞིང་དུ་སྐྱེ་བར་འགྱུར། །དེ་ཡང་ད་ལྟ་སྦྱངས་པ་ཡི། །གོམས་པས་འཕོ་བར་ནུས་པ་ཡིན། །རྒྱུན་དུ་ཆོས་སྤྱོད་ཁ་བཏོན་དང་། །སེམས་བསྐྱེད་བསམ་པ་བཟང་པོ་ཡི། །བསྔོ་བ་སྨོན་ལམ་བྱ་བ་གཅེས། །ཞེས་པའང་ལ་དཀར་ཨ་ནེ་སྐལ་ཆོས་ལ་ཆོས་ཀྱི་བློ་གྲོས་པས་གདམས་པའོ།། །།