Advice for Gyalsé Kunnyi—Tibetan
༄༅། །གཞི་ཆེན་རྒྱལ་སྲས་ཀུན་ཉིར་གདམས་པ། །
བླ་མའི་ཞབས་ལ་ཕྱག་བཙལ་ནས། །
དལ་དང་འབྱོར་པའི་རྟེན་བཟང་འདི། །
ད་རེས་ཙམ་ལས་ཐོབ་པར་དཀའ། །
མི་ཚེ་ཉི་མ་སོས་དལ་དུ། །
མདོ་མེད་སྟོང་ལོག་མི་བྱེད་པ། །
དམ་ཆོས་སྒྲུབ་ལ་བརྩོན་པར་ཞུ། །
ཚེ་ནི་མི་རྟག་སྐད་ཅིག་གིས། །
འཛད་པར་འགྱུར་ལ་དགེ་སྡིག་གི །
ལས་བསགས་ཕྱི་བཞིན་འབྲང་བས་ན། །
རྒྱུ་འབྲས་སྤངས་བླང་བྱ་བ་དང་། །
འཁོར་བའི་སྡུག་བསྔལ་དྲན་པར་གྱིས། །
ཆོས་ཀུན་སྔོན་དུ་སེམས་བསྐྱེད་དང་། །
དངོས་གཞི་དགེ་བ་གང་བསགས་པ། །
དམིགས་མེད་འཛིན་བྲལ་ངང་དུ་བཞག །
འཁོར་གསུམ་དག་པའི་བསྔོ་བ་ཡིས། །
རྒྱས་འདེབས་སྨོན་ལམ་རྣམ་དག་ཐོབ། །
དུས་ཀུན་དྲན་དང་ཤེས་བཞིན་གྱིས། །
རང་གི་སེམས་འདི་བསྲུང་བ་དང་། །
ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །
རང་འདོད་འཁྲི་བ་ཀུན་ཐོངས་ལ། །
གཞན་ཕན་དང་དུ་བླང་བ་གཅེས། །
ཉེས་ཀུན་རྩ་བ་བདག་འཛིན་གྱི། །
འདྲེ་ཆེན་འདི་ཡིས་ཕུང་བས་ན། །
ཆོས་ཀུན་འདི་ཡི་ཐོག་ཏུ་སྤུངས། །
འགོང་པོ་རྩད་ནས་བརླགས་པར་རེམ། །
བྱིན་རླབས་དངོས་གྲུབ་རྩ་བ་ནི། །
དཔལ་མགོན་བླ་མར་རག་ལས་པས། །
དད་དང་དམ་ཚིག་གཞི་བཟུང་པས། །
མོས་གུས་བསྐྱེད་ན་བྱིན་བརླབ་འཇུག །
དེ་མེད་དངོས་གྲུབ་ཤིན་ཏུ་ཕྲ། །
དེ་ཕྱིར་བླ་མ་སྒྲུབ་པར་བརྩོན། །
རང་གི་སེམས་འདི་ཡོངས་སུ་འདུལ། །
བསྟན་པའི་སྙིང་པོ་ངེས་དོན་གྱི། །
རིག་སྟོང་འོད་གསལ་རྫོགས་པ་ཆེའི། །
ཉམས་ལེན་གནད་དུ་ཁེལ་བ་དང་། །
སྔ་འགྱུར་བསྟན་ལ་སྒོ་གསུམ་གྱི། །
བསྟན་པའི་བྱ་བ་ཅི་ནུས་སྒྲུབས། །
རོང་ཀློང་མངའ་རིས་པཎ་ཆེན་དང་། །
སྨིན་གཏེར་འཇིགས་གླིང་མི་ཕམ་སོགས། །
རིག་འཛིན་བརྒྱུད་པའི་བཞེད་གཞུང་ལ། །
རྟོག་གེའི་ངན་སྐྱག་དྲི་མ་ཡི། །
བསླད་མིན་དྲི་བྲལ་རང་གཞུང་རྣམས། །
བཤད་དང་སྒྲུབ་པས་དར་རྒྱས་སྨོན། །
དེ་སྐད་མྱང་གི་གདུང་བརྒྱུད་ནི། །
གཞི་ཆེན་རྒྱལ་སྲས་ཀུན་ཉི་ཡི། །
བཞེད་ངོར་ཆོས་ཀྱི་བློ་གྲོས་པས། །
གང་ཤར་ཉིད་དུ་བྲིས་པ་དགེ། །།