Words of Advice for the Benefit of All—Tibetan
༄༅། །རང་གཞན་ཀུན་ལ་ཕན་པའི་ཞལ་གདམས།
བླ་མའི་ཞབས་ལ་ཕྱག་འཚལ་ལོ། །
རྟེན་དལ་འབྱོར་མི་ལུས་རིན་ཆེན་ཐོབ། །
རྗེ་མཚན་ལྡན་གྱི་བླ་མ་མཇལ་དུ་ཡོད། །
སངས་རྒྱས་ཀྱི་བསྟན་པ་ཡོད་སྐབས་སུ། །
རང་གཞན་ཀུན་ཆོས་ལ་སྤྱོད་པ་རིགས། །
དགྲ་འཆི་བདག་གཤེད་མ་རྔམ་འཇིགས་ཅན། །
དུས་ནམ་འོང་ངེས་པར་ཆ་མེད་པས། །
ཚེ་འདིར་སྣང་གི་ཞེན་པ་རྦད་ཀྱིས་ཆོད། །
ལམ་ཕྱི་མའི་གྲོ་ཞིག་སྒྲུབ་ལ་རན། །
ལས་རྒྱུ་འབྲས་གོ་ལྡོག་མི་འོང་ཞིང་། །
ལས་གང་བྱས་དེ་ཡི་འབྲས་བུ་སྨིན། །
འབྲས་སྡུག་བསྔལ་འཕེལ་བའི་རྒྱུ་ངན་པ། །
ཉོན་མོངས་པ་འདུལ་བའི་ཆོས་དེས་སྤང་། །
དེ་སྤངས་ན་སྲིད་པའི་རྩ་བ་ཆོད། །
དགེ་ཐར་པའི་ཡོན་ཏན་གོང་དུ་འཕེལ། །
རང་གཞན་གྱི་འདུན་མ་འགྲུབ་ནས་གདའ། །
ཚེ་འདི་ལ་སྲིད་པའི་མཚོ་ལས་བརྒལ། །
ཆོས་ཀུན་གྱི་རྩ་བ་དད་མོས་དང་། །
ངེས་འབྱུང་དང་སྐྱབས་འགྲོའི་གཞི་བཅས་ནས། །
ཆོས་ཀུན་གྱི་སྙིང་པོ་བྱམས་སྙིང་རྗེ། །
ཚད་མེད་ཀྱི་ཆོས་བཞི་འབད་འཚལ་ལོ། །
ཡིད་བཞིན་གྱི་ནོར་བུ་བརྒྱ་སྟོང་གིས། །
ཕྱོགས་ཙམ་ཡང་མི་མཚོན་བྱང་ཆུབ་སེམས། །
བདག་གཞན་མཉམ་བརྗེས་ཀྱི་ཉམས་ལེན་ལ། །
དུས་རྟག་ཏུ་བློ་སྦྱང་བྱ་བ་གཅེས། །
འཁོར་འདས་ཀྱི་ཆོས་ཀུན་སྒྱུ་མ་དང་། །
རྨི་ལམ་ལྟར་མཐོང་ནས་རྟག་ཆད་ཀྱི། །
མཐའ་ཀུན་ལས་རྣམ་གྲོལ་དབུ་མ་ཡི། །
ལྟ་བ་མཆོག་ཟབ་གསལ་གཉིས་མེད་ལ། །
དུས་རྟག་པར་མཚན་འཛིན་བྲལ་བར་བསྐྱངས། །
ད་སྒོམ་པས་འཁྲུལ་སྣང་རང་སར་གྲོལ། །
བདག་འཛིན་གྱི་འགོང་པོ་དྲུང་ནས་བཅོམ། །
ཡེ་ཤེས་ཀྱི་ཉི་མ་ཁོངས་ནས་འཆར། །
དེ་ལྟ་བུའི་གཟུང་འཛིན་གཉིས་སྟོང་གི །
ལྟ་བ་དེ་རྒྱུད་ལ་སྐྱེ་བའི་ཐབས། །
ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ། །
བུ་ཁྱོད་ཀྱིས་ཆུ་བོའི་རྒྱུན་ལྟར་བརྩོན། །
དུས་ཀུན་དུ་སྣང་གྲགས་རྟོག་ཚོགས་ཀུན། །
རྗེ་བླ་མའི་གསང་བ་གསུམ་དུ་འཆར། །
དྲན་པ་དང་ཤེས་བཞིན་བསྟེན་པར་འཚལ། །
དགེ་ཚོགས་ཀུན་མཁའ་ཁྱབ་ཕ་མར་བསྔོ། །
དེ་ལྟར་གདམས་པའི་ཚིགས་བཅད་འདི། །
དད་ལྡན་པདྨ་རྒྱལ་མཚན་གྱི། །
བསྐུལ་བ་དོན་ཡོད་བྱ་བའི་ཕྱིར། །
འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། །
རང་གཞན་ཀུན་ལ་ཕན་ཕྱིར་གདམས། །
སརྦ་མངྒ་ལཾ།། །།