Biographical Prayer to Chokgyur Lingpa—Tibetan
༄༅། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །
ཀུན་ཁྱབ་བདེ་ཆེན་འོད་གསལ་ཆོས་ཀྱི་སྐུ། །
འཁོར་འདས་སྙིང་པོ་མི་ཤིགས་ཐིག་ལེ་ཆེ། །
དངོས་པོ་ཀུན་གྱི་ཁྱབ་བདག་གདོད་མའི་མགོན། །
རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །
ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་ཀྱི་སྲས། །
གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར། །
རྣམ་ཐར་བསམ་ཡས་སྙིགས་དུས་བསྟན་འགྲོའི་མགོན། །
མཆོག་གྱུར་གླིང་པའི་ཞབས་ལ་གསོལ་བ་འདེབས། །
གདོད་ནས་རབ་ཞིའི་བདུད་རྩི་བརྙེས་གྱུར་ཀྱང༌། །
སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་བཀོད་དེ། །
བཟོ་སྐྱེ་མཆོག་གི་སྤྲུལ་སྐུ་མཐའ་ཡས་པས། །
འདུལ་བཞིའི་ཆོ་འཕྲུལ་སྟོན་ལ་གསོལ་བ་འདེབས། །
ཁྱད་པར་གངས་ཅན་མངའ་བདག་ཁྲི་སྲོང་རྗེའི། །
སྲས་ཀྱི་ཚུལ་བཟུང་མཆོག་གི་དངོས་གྲུབ་བརྙེས། །
སངས་རྒྱས་གླིང་སོགས་ངོ་མཚར་རྨད་བྱུང་བའི། །
སྒྱུ་འཕྲུལ་གར་བརྒྱས་རོལ་ལ་གསོལ་བ་འདེབས། །
ཐུགས་བསྐྱེད་ཁྱད་འཕགས་སྙིགས་མའི་འགྲོ་ལ་དགོངས། །
ཕྲིན་ལས་ཁྱད་འཕགས་གང་འདུལ་དེར་མཐུན་སྟོན། །
རྣམ་ཐར་ཁྱད་འཕགས་སྔོན་མེད་གསང་མཛོད་འཆང༌། །
ཁྱད་པར་སུམ་ལྡན་ཁྱོད་ལ་གསོལ་བ་འདེབས། །
མདོ་སྟོད་ས་ཡི་ཐིག་ལེར་བསམ་བཞིན་དུ། །
སྐྱེ་བ་བཞེས་ནས་གཞོན་ནུའི་སྐབས་སུ་ཡང༌། །
ཕལ་པའི་ཡུལ་འདས་དམ་པའི་རྣམ་ཐར་སད། །
དད་ལྡན་སྤྲོ་བ་བསྐྱེད་ལ་གསོལ་བ་འདེབས། །
བཅུ་གསུམ་བཞེས་ཚེ་ཨོ་རྒྱན་དངོས་སུ་མཇལ། །
ཟབ་གཏེར་རྗེས་གནང་བསྩལ་ནས་བྱིན་གྱིས་བརླབས། །
ལྷ་སྲས་ཐུགས་དམ་རྟེན་སོགས་དངོས་གྲུབ་ཐོབ། །
དགོངས་གཏེར་ཀློང་ནས་བརྡོལ་ལ་གསོལ་བ་འདེབས། །
ཀར་འབྲུག་འབྲི་སྟག་ཡབ་སྲས་གཙོར་གྱུར་པའི། །
རིས་མེད་ཚད་མའི་སྐྱེས་ཆེན་དུ་མ་བསྟེན། །
མཉེས་པ་གསུམ་གྱིས་མདོ་སྔགས་བདུད་རྩིའི་བཅུད། །
ཐུགས་ཀྱི་དཔལ་བེར་བསྐྱིལ་ལ་གསོལ་བ་འདེབས། །
པད་འབྱུང་དངོས་སྣང་པདྨ་དབང་ཆེན་དང༌། །
དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས། །
བརྡའ་ཡིས་ལུང་བསྟན་དོན་གྱི་བརྒྱུད་པ་གཏད། །
བགེགས་སེལ་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས།
ཁྱད་པར་འཇམ་མགོན་མཁྱེན་བརྩེའི་དབང་པོ་དང༌། །
ཡབ་སྲས་འབྲེལ་བའི་ལས་ཀྱི་འཕྲོ་སད་ནས། །
ཐུགས་ཡིད་གཅིག་འདྲེས་ངོ་མཚར་རྟེན་འབྲེལ་གྱི། །
སྒོ་འཕར་བརྒྱ་ཕྲག་ཕྱེས་ལ་གསོལ་བ་འདེབས། །
སྐྱེ་བས་ཐོབ་པའི་དྲི་མེད་ཡེ་ཤེས་སྤྱན། །
དྲང་ངེས་ཆོས་ལ་ལྐོག་ཏུ་མ་གྱུར་བས། །
མཁས་དང་གྲུབ་པར་རློམ་ཀུན་ཟིལ་ནོན་པའི། །
མཁྱེན་གཉིས་རྩལ་ཆེན་རྫོགས་ལ་གསོལ་བ་འདེབས། །
ས་སྤྱོད་གསུང་གི་འཁོར་ལོ་ལ་སོགས་པར། །
བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་མཐར་ཕྱིན་ཏེ། །
འཁྲུལ་པ་ཞིག་ཅིང་ལས་བཞིར་རང་དབང་འབྱོར། །
གྲུབ་པའི་གཙུག་རྒྱན་གྱུར་ལ་གསོལ་བ་འདེབས། །
དག་པའི་སྣང་བར་པདྨ་འོད་ཞིང་དུ། །
ཡང་ཡང་ཕེབས་ནས་བླ་མ་སྐུ་གསུམ་དང༌། །
རྗེ་འབངས་ཚོགས་བཅས་བསྙེན་སྒྲུབ་རྣམ་བཞི་མཛད། །
དབང་བསྐུར་ལུང་བསྟན་ཐོབ་ལ་གསོལ་བ་འདེབས། །
རྒྱལ་བ་སྲས་བཅས་ཡི་དམ་དཔག་མེད་གཟིགས། །
མཁའ་འགྲོ་རྣམས་དང་ཚོགས་ཀྱི་འདུ་བར་རོལ། །
དམ་ཅན་གཏེར་སྲུང་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །
ཅི་བཅོལ་བཀའ་བཞིན་སྒྲུབ་ལ་གསོལ་བ་འདེབས། །
བླ་མ་སྐོར་གསུམ་སྒྲུབ་སྡེ་ཞི་དང་ཁྲོ། །
མཉམ་སྦྱོར་མདོ་སྒྱུ་རྫོགས་ཆེན་སྡེ་གསུམ་སོགས། །
སྔོན་ཆད་ས་སྟེང་མ་བྱོན་ཆོས་རྟེན་གྱི། །
ནོར་བུའི་མཛོད་ཆེན་ཕྱུང་ལ་གསོལ་བ་འདེབས། །
མདོ་ཁམས་གནས་ཆེན་ཉེར་ལྔ་གཙོར་གྱུར་པའི། །
གནས་མཆོག་བརྒྱ་རྩའི་ཞལ་རས་དངོས་བརྒྱུད་ནས། །
སྣང་བར་མཛད་ཅིང་སྐྱེ་རྒུ་མཐའ་ཡས་པ། །
ཐར་པའི་ཁ་ལོ་སྒྱུར་ལ་གསོལ་བ་འདེབས། །
ཀར་འབྲུག་ཡབ་སྲས་སྔ་འགྱུར་བསྟན་འཛིན་མཆོག །
གངས་ཅན་དཔལ་མགོན་རྣམས་ཀྱིས་གཙོར་མཛད་པའི། །
རིས་མེད་སྐྱེས་ཆེན་ཀུན་གྱིས་ཞབས་ལ་བཏུད། །
བླ་མའི་བླ་མར་གྱུར་ལ་གསོལ་བ་འདེབས། །
ཨོ་རྒྱན་རྡོ་རྗེའི་ལུང་གིས་བསྔགས་པ་ཡི། །
རྩ་བའི་ཆོས་བདག་རྣམ་བཅུས་ཐོག་དྲངས་ཏེ། །
མངའ་རིས་དབུས་གཙང་མདོ་ཁམས་མཐའ་དབུས་སུ། །
ཟབ་གཏེར་ཕྲིན་ལས་སྤེལ་ལ་གསོལ་བ་འདེབས། །
གནས་མཆོག་རྣམས་ལ་རྡོ་རྗེའི་བྱིན་ཆེན་ཕབ། །
སྡེ་བརྒྱད་འབྱུང་པོར་བཀའ་ནན་རབ་བརྗིད་བསྩལ། །
ས་གནད་ཀུན་ཏུ་ཕྱི་ནང་རྟེན་འབྲེལ་བསྒྲིགས། །
སྙིགས་མའི་སྐལ་ངན་ཟློག་ལ་གསོལ་བ་འདེབས། །
ཐུན་མོང་ཐུན་མོང་མིན་པའི་སྨིན་གྲོལ་དང༌། །
སྒྲུབ་ཆེན་གར་འཆམ་མྱོང་གྲོལ་སྦྱིན་པ་སོགས། །
ཕྱོགས་མེད་སྩལ་པས་སྐྱེ་རྒུ་གྲངས་མེད་པ། །
འབྲེལ་ཚད་དོན་ལྡན་མཛད་ལ་གསོལ་བ་འདེབས། །
རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་བ་དང༌། །
དོན་མཆོག་རྒྱ་ཆེན་གཞན་ལ་གཟིགས་ནས་ཀྱང༌། །
སྐལ་ལྡན་སྣང་ངོར་ཆོ་འཕྲུལ་དུ་མར་བཅས། །
པདྨ་འོད་དུ་གཤེགས་ལ་གསོལ་བ་འདེབས། །
པདྨས་ཡོངས་སུ་ཁེབས་པའི་ཞིང་ཁམས་སུ། །
པདྨའི་འོད་ཟེར་རྒྱལ་བའི་སྲས་མཆོག་ནི། །
པདྨའི་མྱུ་གུ་ལ་སོགས་ཕྱོགས་བཅུ་ན། །
རྣམ་འཕྲུལ་མཐའ་ཡས་སྟོན་ལ་གསོལ་བ་འདེབས། །
སྒོ་གསུམ་གུས་པས་གསོལ་འདེབས་བུ་རྣམས་ལ། །
སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བ་དང༌། །
སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །
དག་པའི་ཞིང་ཁམས་མཆོག་ཏུ་དྲང་དུ་གསོལ། །
བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །
གནས་སྐབས་བསམ་དོན་ཆོས་བཞིན་འགྲུབ་པ་དང༌། །
རིག་འཛིན་རྣམ་བཞིའི་གོ་འཕང་བདེ་བླག་བགྲོད། །
མཐར་ཐུག་བདེ་ཆེན་རྡོ་རྗེ་སེམས་འགྲུབ་ཤོག །
ཟབ་གཏེར་བསྟན་པ་འཛམ་གླིང་ཀུན་ཏུ་ཁྱབ། །
དེ་འཛིན་སྐྱེས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན། །
ཕྲིན་ལས་རྟག་ཅིང་ཁྱབ་པའི་དགེ་ལེགས་ཀྱིས། །
བཀྲ་ཤིས་ཉི་མས་ས་གསུམ་སྣང་གྱུར་ཅིག །
ཅེས་རིགས་ལྡན་མཁའ་འགྲོའི་གཙོ་མོ་བདེ་ཆེན་ཆོས་སྒྲོན་གྱིས་རྟེན་དང་བཅས་པའི་གསུང་གིས་བསྐུལ་བ་དང༌། མོས་ལྡན་གཞན་དག་གིས་ཀྱང་མཚམས་སྦྱར་བ་ལ་བརྟེན། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གང་དེའི་གསང་བའི་མཛོད་ཀྱིས་དབུགས་དབྱུང་བསྩལ་པ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་གུས་པ་ཆེན་པོས་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།