Advice to Lhawang Tashi—Tibetan
༄༅། །ལྷ་དབང་བཀྲ་ཤིས་ལ་གནང་བའི་ཞལ་གདམས།།
གུ་རུ་པདྨར་བདག་སྐྱབས་མཆི། །
བཀའ་བརྒྱུད་བླ་མས་བྱིན་གྱི་རློབས། །
དད་ལྡན་བློ་སྣ་ཆོས་ལ་སྒྱུར། །
མི་ལྡོག་ཐར་པའི་ལམ་ཟིན་ཤོག །
གངས་ཅན་མགོན་པོ་ཨ་ཏི་ཤས། །
མང་པོའི་ནང་དུ་ངག་ལ་བརྟག །
གཅིག་པུར་འདུག་ན་སེམས་ལ་བརྟག །
ཅེས་པ་མདོར་བསྡུས་གཉིས་སུ་གསུངས། །
ཡིད་ནི་ཉེས་པའི་རྩ་བ་སྟེ། །
ཁ་ནི་ཉེས་པ་འབྱུང་བའི་སྒོ །
དེ་ཕྱིར་འདི་གཉིས་རྟག་དུ་བསྲུང་། །
འཁོར་འདས་ཐམས་ཅད་རང་གི་སེམས། །
གཞན་ནས་རྡུལ་ཙམ་བྱུང་བ་མེད། །
བདེ་སྡུག་བཟང་ངན་མཆོག་དམན་སོགས། །
ཐམས་ཅད་སེམས་ཀྱི་རྟོག་པ་ཡིན། །
རང་སེམས་དག་ན་སངས་རྒྱས་ཏེ། །
གང་དུ་སྡོད་ཀྱང་དག་པའི་ཞིང་། །
ཇི་ལྟར་བྱས་ཀྱང་ཆོས་ཉིད་ངང་། །
གང་སྣང་ཡེ་ཤེས་རོལ་པའི་རྒྱན། །
རང་གི་སེམས་ཉིད་མ་དག་ན། །
སངས་རྒྱས་ཡིན་ཀྱང་སྐྱོན་དུ་མཐོང་། །
ཕ་མ་ལ་ཡང་ཁོང་ཁྲོ་སྐྱེ། །
སྣང་བ་ཕལ་ཆེར་དགྲ་རུ་ལང་། །
རེ་དྭོགས་ཆགས་སྡང་རྒྱུན་མི་ཆད། །
མི་ལོ་མི་ཉན་མི་ཚེ་ཟད། །
སུ་དང་འགྲོགས་ཀྱང་མི་མཐུན་ལ། །
གང་དུ་བསྡད་ཀྱང་བདེ་བ་མེད། །
ཇི་ཙམ་ཡོད་ཀྱང་ཆོག་མི་ཤེས། །
རེ་རེ་འཛོམ་ཡང་རེ་རེ་དགོས། །
ཚེ་འདིའི་སྣང་བས་གཡེང་གཡེང་ནས། །
ཆོས་བྱ་སྙམ་ཡིད་ལ་དྲན་ན་ཡང་། །
ད་བྱེད་ངང་དུ་མི་ཚེ་ཟད། །
ངེས་འབྱུང་སོ་མ་སྐྱེ་བའི་སྐབས། །
ཡོད་ཚད་ལིང་བོར་ཐུབ་ཐུབ་འདྲ། །
འཁྲེབ་ནས་ཁབ་ལའང་སེར་སྣ་སྐྱེ། །
མོས་གུས་གསར་པ་སྐྱེ་བའི་ཚེ། །
བླ་མ་དེ་ལས་གཞན་མི་དྲན། །
ཡུན་རིང་སོང་ནས་ལོག་ལྟ་སྐྱེ། །
དད་པ་གསར་པའི་སྐབས་སུ་ནི། །
དགེ་སྦྱོར་གཅིག་ཐོག་གཉིས་པ་བསྣུན། །
རྒས་ནས་ཐམས་ཅད་དབྱིངས་སུ་ཡལ། །
མཐུན་གྲོགས་གསར་པ་རྙེད་པའི་དུས། །
རང་ལས་དེ་ཡི་ལུས་སྲོག་གཅེས། །
ཨ་གསར་ཡལ་ནས་དགྲ་རུ་ལྡང་། །
དེ་དག་ཐམས་ཅད་རྩ་བ་ནི། །
རང་སེམས་ཆེ་མ་ཟིན་པས་ལེན། །
རང་སེམས་བཀོལ་དུ་བཏུབ་པ་ན། །
དབེན་གནས་གཞན་དུ་ཚོལ་མི་དགོས། །
རྣམ་རྟོག་མེད་ན་དབེན་པ་ཡིན། །
བླ་མ་ཕྱི་རུ་ཚོལ་མ་དགོས། །
སེམས་ཉིད་བླ་མ་སངས་རྒྱས་ཡིན། །
དགེ་སྦྱོར་ཐོན་ལུས་དྭོགས་མི་དགོས། །
ཡེངས་མེད་དགེ་སྦྱོར་སྙིང་པོ་ཡིན། །
གཡེང་བ་ཆེད་དུ་སྤང་མི་དགོས། །
དྲན་ཤེས་བརྟེན་ན་རང་གྲོལ་ཡིན། །
ཉོན་མོངས་སྐྱེ་དྭོགས་སྐྲག་མི་དགོས། །
རང་ངོ་ཟིན་ན་ཡེ་ཤེས་ཡིན། །
རང་སེམས་སྐད་ཅིག་མ་འདི་ལས། །
འཁོར་འདས་གཞན་དུ་མ་གྲུབ་པས། །
རྟག་ཏུ་སེམས་ལ་བྱ་ར་འཚལ། །
རང་སེམས་ནང་དུ་མ་ཐུལ་ན། །
ཕྱི་རོལ་དགྲ་ལ་ཟད་པ་མེད། །
ནང་དུ་ཁོང་ཁྲོ་ཐུལ་བ་ན། །
ས་སྟེང་དགྲ་བོ་ཐམས་ཅད་ཞི། །
སེམས་ལ་ཆོག་ཤེས་མ་སྐྱེ་ན། །
འདོད་རྒུ་འཛོམ་ཡང་སྤྲང་པོ་འདྲ། །
ཞེན་ལོག་ཆོག་ཤེས་ཅན་གྱི་མི། །
ཟང་ཟིང་མེད་ཀྱང་རྟག་ཏུ་ཕྱུག །
འཇིག་རྟེན་བྱ་བ་ལེགས་པ་དང་། །
ཆོས་དང་དགེ་བ་སྒྲུབ་པའི་ཚེ། །
སེམས་ལ་དགའ་བ་སྐྱེ་བ་ཡི། །
བག་ཆགས་དེ་ཡིས་མཐོ་རིས་སྐྱེ། །
དེ་ཡང་མི་རྟག་འཁོར་བ་ཡིན། །
དགའ་བའི་ངོ་བོར་བལྟས་པ་ན། །
སྟོང་པར་མཐོང་དེ་ཐར་ལམ་རྒྱུ། །
ཆོས་དང་འཇིག་རྟེན་བྱ་བ་རྣམས། །
མ་ལེགས་སྡུག་བསྔལ་བྱུང་བ་དང་། །
ཁོང་ཁྲོ་ཞེ་སྡང་འདོད་ཆགས་སོགས། །
ཉོན་མོངས་རྟོག་པའི་རྗེས་འབྲང་ན། །
ངན་སོང་གསུམ་དུ་སྐྱེ་བའི་རྒྱུ། །
དེར་སྐྱེས་སྡུག་བསྔལ་བསམ་མི་ཁྱབ། །
ཉོན་མོངས་སྡུག་བསྔལ་གང་སྐྱེས་ཀྱང་། །
རང་ངོར་བལྟས་པས་སྟོང་པར་ཡལ། །
དེ་ལས་ཡེ་ཤེས་ལོག་ན་མེད། །
རང་སེམས་འདི་དང་མི་འབྲལ་བས། །
རྟག་ཏུ་རང་སེམས་བསྲུང་བ་གཅེས། །
སེམས་སྲུང་བ་ལ་ཆོས་ཀུན་འདུས། །
སྲུང་ཚུལ་རྒྱལ་སྲས་ཞི་བ་ལྷས། །
སེམས་སྲུང་འདོད་པ་རྣམས་ལ་ནི། །
དྲན་པ་དང་ནི་ཤེས་བཞིན་དག །
ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །
བདག་ནི་དེ་ལྟར་ཐལ་མོ་སྦྱོར། །
ཅེས་གསུངས་བཞིན་དུ་ཉམས་ལེན་གཅེས། །
དེ་ཕྱིར་ཚོགས་དྲུག་ཡུལ་སྣང་ཀུན། །
སེམས་ཉིད་གཅིག་པུའི་ཆོ་འཕྲུལ་ཏེ། །
སྤང་བླང་བྱེད་ན་བྱེད་མཁན་འཁྲུལ། །
རོ་སྙོམས་ལམ་ཁྱེར་མཆོག་ཡིན་ཀྱང་། །
ལས་དང་པོ་ཡི་གང་ཟག་གི །
ལྟ་བ་མཐོ་ལ་སྤྱོད་པ་ཞིབ། །
མི་ལུས་དལ་འབྱོར་རྙེད་དཀའ་ཞེས། །
འཆི་བ་མི་རྟག་ཡང་ཡང་བསམ། །
ལས་འབྲས་བསླུ་མེད་ངེས་ཤེས་བསྐྱེད། །
གཞན་དག་ཤི་བ་མཐོང་ཐོས་ཚེ། །
རང་ལ་བརྡའ་སྟོན་ཤེས་པར་མཛོད། །
དབྱར་དགུན་འགྱུར་བ་མཐོང་བའི་ཚེ། །
ཐམས་ཅད་མི་རྟག་དྲན་པར་མཛོད། །
སྦྲང་དང་སྦྲང་རྩི་མཐོང་བའི་ཚེ། །
ནོར་རྫས་དགོས་མེད་ཤེས་པར་མཛོད། །
ཁང་ཞིག་གྲོང་སྟོང་མཐོང་བའི་ཚེ། །
སྡོད་གནས་ཁང་ཁྱིམ་ཤེས་པར་མཛོད། །
གཞན་དག་མཛའ་བ་བྲལ་མཐོང་ཚེ། །
རང་གི་ཉེ་མཛའ་དྲན་པར་མཛོད། །
གཞན་ལ་མི་འདོད་གློ་བུར་ཚེ། །
རང་ལའང་འབྱུང་བ་དྲན་པར་མཛོད། །
རང་གཞན་ཐམས་ཅད་རྨི་ལམ་ལྟར། །
བདེན་པར་གྲུབ་པ་རྡུལ་ཙམ་མེད། །
རང་སེམས་བཟོ་བཅོས་མ་བསླད་པར། །
གཉུག་མའི་རང་ངོ་བསྐྱང་བའི་ཚེ། །
ཕྱི་ནང་ཆོས་ཀུན་སྟོང་པ་ཉིད། །
གསལ་སྟོང་ཟུང་འཇུག་མཁའ་ལྟར་རྟོགས། །
དེ་ནི་དོན་དམ་བྱང་སེམས་ཡིན། །
དེ་ལྟར་མ་ཤེས་འགྲོ་བ་རྣམས། །
གཟུང་འཛིན་དབང་གིས་འཁོར་བར་འཁྱམས། །
སྡུག་བསྔལ་མྱོང་ལ་ཚད་མེད་པའི། །
སྙིང་རྗེ་བཅོས་མིན་ཤུགས་ལ་སྐྱེ། །
དེ་ནི་ཀུན་རྫོབ་བྱང་སེམས་ཡིན། །
སྙིང་རྗེ་འཛིན་མེད་སྟོང་པར་རྟོགས། །
སྟོང་པའི་རང་རྩལ་སྙིང་རྗེ་ཤར། །
ཟུང་འཇུག་མདོ་སྔགས་ཆོས་ཀྱི་སྙིང་། །
ཉམས་ལེན་ཕུག་པོ་འདི་ལ་མཛོད། །
དེ་དག་རྒྱུད་ལ་སྐྱེ་བའི་ཐབས། །
ཚོགས་བསགས་ལག་ཏུ་གང་ཐེབས་བྱ། །
དཀོན་མཆོག་གསུམ་ལ་གསོལ་བ་གདབ། །
བླ་མའི་མོས་གུས་གནད་དུ་བསྣུན། །
རང་གཞན་སྡིག་ལས་ལྡོག་པ་དང་། །
ཅི་ནུས་དགེ་བའི་ལས་ལ་བསྐུལ། །
ཐེག་པ་ཆེན་པོའི་སེམས་བསྐྱེད་དང་། །
རྣམ་དག་བསྔོ་བ་འབྲལ་མི་བྱ། །
དགེ་བློ་ཡར་ཟླའི་དཔལ་ཡོན་ཅན། །
དེ་བེནྡྲ་ཡི་གསལ་འདེབས་སུ། །
དགེ་སྦྱོང་བློ་གྲོས་མཐའ་ཡས་ཞེས། །
རྒན་པོ་འདུ་གསུམ་པ་ཡིས་བྲིས། །
ཚེ་དང་ཆོས་སྒྲུབ་མཐར་ཕྱིན་ཅིང་། །
དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །
སརྦ་སིདྡྷི་རསྟུ་མངྒལཾ། །