The Cuckoo’s Sweet Tune—Tibetan
༄༅། །གསོལ་འདེབས་དང་འབྲེལ་བའི་ཚོགས་གླུ་ཀོ་ཀཱི་དགའ་བའི་སྒྲ་སྙན།
ཨ་ཧོ། སྐྱོན་བྲལ་བློ་འདས་ཀུན་ཁྱབ་ཆོས་ཉིད་ཞིང་ན། །
ཐམས་ཅད་ལྷུན་རྫོགས་རིག་སྟོང་ཆོས་སྐུ་ཡི་བླ་མ། །
གཞི་གྲོལ་མཉམ་ཉིད་རང་ཤར་ཀློང་ཡངས་དེ་ཨ་ཧོ། །
ཨ་ཏི་བླ་མེད་ལྟ་བའི་ཁྱད་ཆོས་ཤིག་ཞུའོ། །
གསལ་་སྟོང་འགག་མེད་མཁའ་དབྱིངས་སྐྱོན་བྲལ་གྱི་ཞིང་ན། །
རང་སྣང་རིག་པའི་སྒྲོན་མེ་ལོངས་སྐུ་ཡི་བླ་མ། །
གསལ་འཚེར་ཐིག་ལེ་ཉག་གཅིག་རང་ཤར་དེ་ཨ་ཧོ། །
ལྷུན་གྲུབ་སྣང་བཞི་རྫོགས་པའི་དངོས་གྲུབ་ཞིག་ཞུའོ། །
གང་སྣང་རྒྱན་དུ་ཤར་བ་སྣང་སྲིད་ཀྱི་ཞིང་ན། །
རིག་རྩལ་འགག་མེད་འགྲོ་འདུལ་སྤྲུལ་སྐུ་ཡི་བླ་མ། །
དག་མཉམ་ལྷ་སྐུར་ཤར་བའི་རང་སྣང་འདི་ཨ་ཧོ། །
འཁོར་འདས་ཁྱབ་གདལ་ཆེན་པོའི་ཉམས་ལེན་ཞིག་ཞུའོ། །
གཞི་གྲོལ་ཕྱོགས་ལྷུང་བྲལ་བ་ཀ་དག་གི་ཞིང་ན། །
གཞི་སྣང་རྡོ་རྗེ་སྙིང་པོའི་ཟབ་ལམ་གྱི་བླ་མ། །
སྤྲོས་བྲལ་བཛྲ་ཛྙཱ་ནའི་དགོངས་ཉམས་དེ་ཨ་ཧོ། །
གཉུག་མའི་བཙན་ས་ཟིན་པའི་བྱིན་རླབས་ཤིག་ཞུའོ། །
གདོད་མའི་གནས་ལུགས་ཁྱབ་བརྡལ་ལྷུན་རྫོགས་ཀྱི་ཞིང་ན། །
རང་ངོ་རང་ཞལ་མཇལ་བ་དྲན་པ་ཡི་བླ་མ། །
སྒོམ་མེད་གཤིས་ཐོག་ཕྱིན་པའི་རིག་པ་དེ་ཨ་ཧོ། །
མ་བཅོས་ཆོས་ཟད་ཆེན་པོའི་དངོས་གྲུབ་ཞིག་ཞུའོ། །
རྣམ་གྲོལ་འཁོར་ལོ་ལྔ་ལྡན་ཧེ་རུ་ཀའི་ཞིང་ན། །
འདིར་འཚོགས་འདུས་པ་རྒྱ་མཚོའི་མཆེད་ལྕམ་གྱི་ཕོ་མོ། །
འདོད་ཡོན་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་དེ་ཨ་ཧོ། །
མི་འབྲལ་ཚོམ་བུ་གཅིག་ཏུ་འཚང་རྒྱ་ཞིག་ཞུའོ། །
ཞེས་པའང་དཔལ་ལྡན་བླ་མའི་རི་ཁྲོད་དུ་འདུག་སྐབས་ཀློང་གསལ་རྡོ་རྗེ་སྙིང་པོའི་ཚོགས་འཁོར་ཞིག་བསྐོར་དུས། དཔལ་ལྡན་བླ་མ་དམ་པ་དང་གཏེར་ཆེན་ཀློང་གསལ་སྙིང་པོའི་ཡེ་ཤེས་སྒྱུ་མའི་སྐུའི་སྣང་བ་ཡིད་ལ་ཤར་ཚེ་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་པས་རང་ལོ་ཉེར་གཅིག་པར་གང་ཤར་ལྷུག་འབྱམས་སུ་བྲིས་པ་བཀྲ་ཤིས་མཆོག་ཏུ་གྲུབ་བོ།། དགེའོ།། །།