The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Longchen Nyingtik Phowa—Tibetan

English | Deutsch | Français | བོད་ཡིག

༄༅། །ཀློང་སྙིང་འཕོ་བ་མ་བསྒོམས་སངས་རྒྱས་སྦྱང་ཚུལ།

 

ལྟ་བའི་ཀློང་ལ་ཕྱག་འཚལ་ལོ༔

འོད་གསལ་རྫོགས་པ་ཆེན་པོའི་ལམཿ 
ཆོས་སྐུ་གཏད་མེད་རང་གྲོལ་ཏེཿ 
བཙན་ས་ཟིན་པའི་གང་ཟག་ནིཿ 
འཕོ་བྱ་འཕོ་བྱེད་ལས་འདས་ཀྱང་ཿ 
སྤྲོས་ཅན་མྱ་ངན་འདའ་དོན་དུཿ 
འཕོ་བ་མ་བསྒོམས་སངས་རྒྱས་བསྟནཿ 
སྔོན་འགྲོ་སྐྱབས་སེམས་སྤྱི་ལྟར་བྱཿ 
བདག་དོན་གཞན་དོན་གང་ལ་ཡང་ཿ 
ཚད་མེད་རྣམ་བཞིས་ཟིན་པ་གཅེསཿ

ཅེས་གདམས་པ་བཞིན་རྣལ་འབྱོར་པ་ལམ་མཐར་མ་ཕྱིན་པར་འཆི་བ་ཐོག་བབ་ཏུ་བྱུང་ན་དག་པའི་ཞིང་དུ་མཚམས་སྦྱོར་བའི་གདམས་པ་འཕོ་བ་མ་བསྒོམས་སངས་རྒྱས་ད་ལྟ་ནས་སྦྱང་དགོས་པས་དེའི་ཚུལ་ནི།

ཐོག་མར་སྔོན་འགྲོ་བླ་མ་རྒྱང་འབོད་ནས་བཟུང་སྟེ།

བྱིན་རླབས་ཀྱི་འཇུག་སྒོ་བླ་མའི་རྣལ་འབྱོར་གྱི་མཇུག་ལམ་དབང་བླངས་མཐར།

བླ་མའི་ཐུགས་ཀ་ནས་སོགས། 

དབྱེར་མེད་རོ་གཅིག་ཏུ་འདྲེས་པར་གྱུར།

ཅེས་ཐུགས་ཡིད་གཅིག་འདྲེས་གྲུབ་པ་དང་།

དེ་ལས་ལྡངས་ནས།

རྨོངས་པའི་འགྲོ་ལ་ཐུགས་རྗེ་ལྷག་པར་འཇུག །

སྡིག་པོ་ཆེ་ལ་རྗེས་སུ་ལྷག་པར་འཛིན། །

གདུལ་དཀའི་ཁམས་ལ་ཐབས་མཁས་ལྷག་པར་སྟོན། །

མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །

 

རང་མགོ་མི་ཐོན་རོ་མགོར་ཅ་ཅོ་སྒྲོགས།།

ཉམས་སུ་མི་ལེན་བཤད་རྒྱངས་གདུགས་ལྟར་ཕུབ། །

བདག་དང་བདག་འདྲ་ཟོག་པོའི་རིགས་ཅན་རྣམས། །

སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །

ཞེས་གསོལ་བ་འདེབས་ཤིང་།

དངོས་གཞི་རང་ལུས་རྣལ་འབྱོར་མ༔

བྱི་སྒྲུབ་བླ་མའི་རྣལ་འབྱོར་ལྟར༔

ཞེས་པའི་ཏིང་ངེ་འཛིན་ལ་གཞོལ་བ་ནི།

ༀ་མ་ཧཱ་ཤཱ་ནྱ་ཏྭ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་གིས་སྦྱངས། 

ཨཱཿ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་༔

བཀོད་པ་རབ་རྫོགས་བདེ་བ་ཅན་གྱི་དབུས༔

རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔

ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན༔

ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས༔

 

དེ་ཡི་ཁོང་དབུས་རྩ་དབུ་མ༔

སྦོམ་ཕྲ་མདའ་སྨྱུག་ཙམ་པ་ལ༔

སྟོང་སངས་འོད་ཀྱི་སྦུ་གུ་ཅན༔

ཡར་སྣ་ཚངས་བུག་གནས་སུ་ཧར༔

མར་སྣ་ལྟེ་བར་ཟུག་པ་ཡི༔

སྙིང་ཁ་ཚིགས་ཀྱིས་བཅད་པའི་སྟེང་༔

རླུང་གི་ཐིག་ལེ་ལྗང་སྐྱའི་དབུས༔

རིག་པ་ཧྲཱིཿཡིག་དམར་པོར་གསལ༔

སྤྱི་བོའི་ཁྲུ་གང་ཙམ་གྱི་སྟེང་༔

སངས་རྒྱས་སྣང་བ་མཐའ་ཡས་ནི༔

མཚན་དཔེ་རྫོགས་པའི་ཕུང་པོར་གསལ༔

མོས་གུས་དྲག་པོས་གསོལ་བ་གདབ༔

ཤེས་པ་གཞན་དུ་མ་ཡེངས་པ༔

རྩེ་གཅིག་འདུན་པའི་ཞུར་ལ་དྲངས༔

ཞེས་ཡིད་ཁྱེད་ཤེས་ཀྱི་དད་པས།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །

མཆོད་དོ་སྐྱབས་སུ་མཆིའོ། །

ཅི་ནུས།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ།

མཆོད་དོ་སྐྱབས་སུ་མཆིའོ། །

ཅི་ནུས།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།

མཆོད་དོ་སྐྱབས་སུ་མཆིའོ། །

ཅི་ནུས།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །

མཆོད་དོ་སྐྱབས་སུ་མཆིའོ། །

ཅི་རིགས་མཐར།

འཕོ་བའི་གསོལ་འདེབས་ནི།

ཨེ་མ་ཧོ༔

གནས་རང་སྣང་དོན་གྱི་འོག་མིན་ན༔

ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་༔

སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི༔

སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས༔

དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས༔

ཡིད་མོས་གུས་གདུང་བས་གསོལ་བ་འདེབས༔

ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔

གནས་འོག་མིན་བགྲོད་པར་བྱིན་གྱིས་རློབས༔

དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག༔

ལན་གསུམ།

ཡང་ཡིད་མོས་གུས་མན་ཆད་ལན་གསུམ།

ཡང་དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག༔ ལན་གསུམ་མཐར།

 

རྐན་གྱི་སྦུབས་ནས་ཧྲཱིཿཧྲཱིཿཞེས༔

ལྔ་ཚར་ཕྲུགས་གཅིག་བརྗོད་པ་དང་༔

ལྷན་གཅིག་སྟོད་གཅུམ་མགོ་བོ་སྒྲིམ༔

དེ་ཚེ་རིག་པ་ཧྲཱིཿདམར་པོ༔

ཤོག་སྐྱ་རླུང་གིས་བཏེག་པ་བཞིན༔

ཡར་ཡར་འགྲོ་བའི་ངང་དེ་ལ༔

ཕཊ྄ཿཅེས་དྲག་པོས་མདའ་ལྟར་འཕངས༔

འོད་དཔག་མེད་པའི་ཐུགས་ཀར་བསྟིམ༔

ཞེས་རང་གི་རིག་པ་སེམས་ཀྱི་ངོ་བོ་ཧྲཱིཿདང་འོད་ཀྱི་ཐིག་ལེ་དེ་ཉིད་སྐར་མདའ་འཕང་བ་བཞིན་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ་ལ།

ཧྲཱིཿ

ལྔའམ་གསུམ་མཐར།

ཕཊཿ

ལྔའམ་གསུམ་བརྗོད། ཡང་ན་

ཧིཀཿ

ཉེར་གཅིག་ཙམ་བརྗོད།

ཡང་བཅོམ་ལྡན་འདས་སོགས་སྔར་ཇི་ལྟ་བ་བཞིན་བརྗོད་མཐར།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །

མཆོད་དོ་སྐྱབས་སུ་མཆིའོ། །

གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་བྱོན་འཕོ་བ་འཇག་ཚུགས་མའི་གསོལ་འདེབས་ནི།

སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔

ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔

དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་ཟུངས༔

རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས༔

ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔

མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔

བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔

བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔

ལན་གསུམ།

ཡང་བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ ཞེས་པ་ལན་གསུམ་མཐར།

ཧྲཱིཿ

ལྔའམ་གསུམ་མཐར།

ཕཊཿ

ལྔའམ་གསུམ་བརྗོད།

ཧིཀཿ

ཡང་བཅོམ་ལྡན་འདས་སོགས་སྔར་ལྟར་ལན་ཅི་རིགས་བརྗོད་མཐར།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །

མཆོད་དོ་སྐྱབས་སུ་མཆིའོ། །

གནམ་ཆོས་འཕོ་བའི་གསོལ་འདེབས་ནི།

ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་༔

ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔

བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔

ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔

བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ༔

རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔

ལན་གསུམ་དང་།

ཡང་རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ཞེས་པ་ལན་གསུམ་མཐར།

ཧྲཱིཿ

ལྔའམ་གསུམ་མཐར།

ཕཊཿ

ལྔའམ་གསུམ་བརྗོད།

ཧིཀཿ

དེ་ལྟར་ཡང་ཡང་འབད་པ་ཡིས༔ 
འབྱོངས་རྟགས་ཚངས་བུག་འཕར་བ་དང་༔ 
མགོ་ན་ཆུ་སེར་ཟིལ་པ་ཕྲོམ༔
འཇག་མ་དལ་གྱིས་ཚུགས་སོགས་འབྱུང་༔

ཞེས་པ་ལྟ་བུའི་རྟགས་མ་ཐོན་གྱི་བར་དུ་འབད།

 

ཐུན་མཇུག་བསྡུ་བ་ན།

དེ་ཚེ་འོད་དཔག་མེད་པའི་སྐུ༔

འོད་དུ་ཞུ་ནས་རང་ལ་བསྟིམ༔

རྐྱེན་དེས་སྐད་ཅིག་དྲན་རྫོགས་སུ༔

རང་ཡང་ཚེ་དཔག་མེད་དུ་གྱུར༔

ཨཱོྃ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུྃ། ཨཱོྃ་ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔

ཞེས་བརྒྱ་རྩ་དང་།

ༀ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙྰ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ༀ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ།

ཞེས་ཚེ་གཟུངས་སོགས་འདོན་མཐར།

དགེ་བ་སྔོ་ཞིང་སྨོན་ལམ་གདབ༔ 
དེས་ནི་ཚེ་ལ་མི་གནོད་སྟེང་༔ 
རྟེན་འབྲེལ་བདེན་པས་ཚེ་གེགས་ཞི༔ 
གསང་སྔགས་ཐབས་ཀྱིས་ཆེ་བའི་ལམ༔ 
མ་བསྒོམས་སངས་རྒྱས་འཕོ་བའི་གནད༔ 
སྙིང་དང་མིག་ལས་གཅེས་པར་ཟུངས༔

 

དུས་མིན་འཆི་བའི་མཚན་མ་མཐོང་བ་དང་། །

དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། །

གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །

འཆི་མེད་རིག་འཛིན་མྱུར་དུ་འགྲུབ་པར་ཤོག །

 

ཚེ་རབས་ཀུན་ཏུ་ཚེ་དཔག་མེད་པ་ཡིས། །

ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །

རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །

སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །

 

དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །

འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་ནས། །

སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་བརྒལ་བ། །

མགོན་པོ་ཚེ་མཐའ་ཡས་པ་ཐོབ་པར་ཤོག །

ཅེས་དང་།

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །

སོགས་ནས།

ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །

གཞན་ཡང་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་སོགས་གང་འོས་བྱའོ། །

 

བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཟབ་ལམ་འཕོ་བའི་རྣལ་འབྱོར་འདི་ཉིད་ནུབ་རི་སྦས་ཡུལ་སྐྱིད་མོ་ལུང་གསེར་སྦྲང་དགོན་གྱི་སྒྲུབ་སྡེར་གསར་ཞུགས་རྣམས་ཀྱི་ཆེད་དུ་འདོན་བདེར་བྱེད་པ་པོ་རྡོ་གྲུབ་ཆེན་བཞི་པའོ། །དགེའོ། །

 

རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

Buddha Amitābha, 'Boundless Light'

Further information:

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept