Pudri Rekpung Empowerment—Tibetan
༄༅། །རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་གི་དབང་ཆོག་ཕྲིན་ལས་བཅུད་ཐིག
ཨོཾ་སྭསྟི།
རིགས་ཁམས་རྡོ་རྗེ་གཞོན་ནུའི་སྐུར། །
སྨིན་མཛད་བླ་མར་གུས་བཏུད་ནས། །
ཕྲིན་ལས་འདུས་པའི་བཅུད་ཐིག་གི། །
དབང་བསྐུར་མཚམས་སྦྱོར་འཇུག་བདེར་སྤེལ། །
དེ་ཡང་རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་གི་དཀྱིལ་འཁོར་དུ་སྐལ་ལྡན་སློབ་མ་གཞུག་ཅིང་སྨིན་པར་བྱེད་པའི་ཚུལ་ལ།
སྦྱོར་བ་རས་བྲིས་ཀྱི་དཀྱིལ་འཁོར་རམ་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར་འཕྲུལ་སྟེགས་ཨེ་ཁྲམ་ལ་བརྟེན་པའི་གཙོ་ཕུར་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་བ་བརྟན་པར་བཙུགས་པའི་སྟེང་གི་མཉྫིར་རྣམ་བུམ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་ལྡན་པ་འགོད། དེའི་གཡས་སུ་གསང་ཐོད་ཨ་མྲྀ་ཏ་མངར་གསུམ་ཆང་དང་སྦྱར་བས་བཀང་བ། གཡོན་དུ་རིག་མའི་ཙཀླི་དང་ཤེལ་རྡོ། མདུན་དུ་ཚེའི་འབྲང་རྒྱས་དང་དངོས་གྲུབ་ཀྱི་རྫས། རྒྱབ་ཏུ་དཔལ་གཏོར་སྐུ་ཅཀ་དར་གདུགས་ཀྱིས་སྤྲས་པ། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་མ་ཕྱི་ནང་གི་ཉེར་སྤྱོད་བཅས་བཀོད་མཛེས་སུ་བསྟར། གཞན་ཡང་ཚོགས་གཏོར་མནྜལ་ལ་འབེབས་རྫས་སོགས་འདིར་དགོས་པའི་ཡོ་བྱད་རྣམས་ཚང་བར་འདུ་བྱས་ལ།
ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་དུ་བསྒྲུབས་ནས་བཟླས་པ་ཇི་ཙམ་ནུས་པའི་མཐར།
བུམ་པ་རང་འབྱུང་གི་གཞལ་ཡང་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས།
རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །
འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ།
དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །
བབས་པས་བུམ་ཆུར་དབྱེར་མེད་རོ་ཅིག་གྱུར། །
ཅེས་གཟུངས་ཐག་འཇུས་ཏེ་གཙོ་སྔགས་ཅི་འགྲུབ་བཟླས་མཐར་འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ།
ལྷ་རྣམས་ཆགས་པ་ཆེན་པོས་རྡོ་རྗེ་བདུད་རྩིའི་ངོ་བོར་ཞུ་སྟེ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས།
ལས་བུམ་གྱི་ནང་དུ་ཉི་མ་ལ་གནས་་པའི་ཧཱུྃ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་མཐིང་ནག་ཕུར་བུ་དང་ལྕགས་ཀྱུ་འཛིན་པའི་སྐུར་གསལ་ལ།
ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔
ཅེས་ཅི་རིགས་བཟླས་པས། །
ཁྲོ་བོ་བདུད་རྩི་འཁྱིལ་བའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ།
སྲུང་མའི་མཆོད་གཏོར་དང་། ཚོགས་མཆོད་བསྒྲལ་བསྟབ་ཡན་བྱས་ལ་རིག་པའི་མེ་ཏོག་དོར་སྟེ་གནང་བ་ནོད།
དབང་དངོས་ལ།
སློབ་བུ་རྣམས་སྒོའི་ཕྱི་རོལ་དུ།
ཇི་ལྟར་བལྟམས་པ་ཙམ་གྱིས་ནི༎
ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༎
ལྷ་ཡི་ཆུ་ནི་དག་པ་ཡིས༎
དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༎
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།སོགས་ཀྱིས་ཁྲུས་ནས་དབྱུང་།
གྲལ་དུ་འཁོད་པ་ལ།
བགེགས་གཏོར་ཨ་མྲྀ་ཏས་བསང་།
སྭ་བྷཱ་ཝ་ས་སྦྱང་།
སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར།
ཨོཾ་ཨཱཿཧཱུྃགིས་བརླབ།
ཨོཾ་སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿས་དགྲོན་དགུག །
ཨཾ་སརྦ་བིགྷཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་སོགས་ཀྱིས་བསྔོས་ལ།
ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།
སངས་རྒྱས་ཀྱི་བདེན་པ་དང་།
ཚེས་ཀྱི་བདེན་པ་དང་།
དགེ་འདུན་གྱི་བདེན་པ་དང་།
གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་།
ཚེས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་།
ཁྱད་པར་དུ་བཙོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཕྱག་སྒོ་མ་བཀའ་སྡོད་དང་བཅས་པ་རྣམས་ཀྱི་བདེན་པ་དང་།
བདེན་པ་ཆེན་པོས་བྱིན་གྱི་རླབས་ཀྱིས་དེང་འདིར་རྡོ་རྗེ་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་ཕྱིར་དེངས་ཤིག །
གལ་ཏེ་མི་འགྲོ་ན་ཁྲོ་བ་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ།
སུམྦྷ་ནི་སོགས་དྲག་སྔགས་ཡུངས་ཐུན་རོལ་མོ་དང་བཅས་པས་བསྐྲད།
ཨོཾ་བཛྲ་རཀྵ་རཀྵ་་ཧཱུྃ་ཞེས་བརྗོད་པས།
སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤོས་ཀྱི་མེ་དཔུང་འབར་བ་དང་བཅས་པས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་མོས།
མེ་ཏོག་བཀྲམ་བསྡུ་བྱས་ལ།
འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བ་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ལ་ཅི་ནས་ཀྱང་འགོད་པར་བྱ།
དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ལ་དོན་རིམ་པ་གཉིས་ཀྱི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཀུན་སློང་རྣམ་པར་དག་པ་གསལ་བཏབ་ནས་གསན་འཚལ།
དེ་ལ་འདིར་སྐབས་སུ་བབས་པའི་གསན་བྱ་གདམས་ཟབ་ཁྱད་པར་ཅན་འདི་ཉིད་སློབ་དཔོན་གང་གིས་མཛད་ཅིང་གང་ལས་བརྒྱུད་ན།
འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུས་འཁོར་རིགས་བཞིའི་སངས་རྒྱས་རྣམས་ལ་ཆོས་ཉིད་ཀྱི་རང་སྒྲས་བསྟན་པ་ལས།
མཁའ་འགྲོ་མ་བདེ་བའི་འཁོར་ལོ་དང་། སློབ་དཔོན་པྲ་བྷ་ཧསྟི་ལས་བརྒྱུད་དེ། རིག་འཛིན་ཚེ། རྣམ་བཞིའི་ལས། ས་འོག་གཏེར།
ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྣམ་པ་བཞི་ལ་མངའ་བརྙེས་པའི་ཨོ་རྒྱན་གྱི་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་ལ་བཀའ་བབས།
དེ་ཉིད་ཀྱིས་སྔོན་དུས་ལས་ཅན་རྗེ་འབངས་རྣམས་དང་འབྱུང་འགྱུར་གདུལ་བྱ་མཐའ་ཡས་པ་རྣམས་ཀྱི་ཁམས་དབང་སྐལ་པའི་ཁྱད་པར་དང་མཐུན་པར།
གསང་སྔགས་ཀྱི་ཆོས་སྒོ་ནམ་མཁའི་མཐས་ཀྱང་གཞལ་བར་དཀའ་བཞིག་དབྱེ་བར་མཛད་པ་ལས།
དམ་པའི་ཆོས་སྒྲུབ་པ་པོ་སྤྱིའི་བར་ཆད་བསལ་བ་དང་།
ཐུན་མོང་གཙོ་བོར་བསྒྲུབས་པས་མཆོག་ཞར་ལ་འགྲུབ་ཅིང་ཁྱད་པར་སྙིགས་དུས་ཀྱི་དམ་སྲི་མ་རུངས་པ་མཐུ་བོ་ཆེ་རྣམས་ཀྱི་གཉེན་བོར་ཆེད་དུ་བསྔགས་པ་ཕྲིན་ལས་ཕུར་པ་རོལ་པའི་གདམས་པ་ཁྱད་པར་ཅན་རྒྱས་འབྲིང་བསྡུས་པ་བསམ་གྱིས་མི་ཁྱབ་པ་བསྟན་ཅིང་།
ཆ་ཤས་ཙམ་བཀའ་མ་སྙན་བརྒྱུད་དུ་བཞག །
ཕལ་ཆེར་མ་འོངས་པའི་དོན་ལ་དགོངས་ནས་ཟབ་མོའི་གཏེར་དུ་གཏམས་པར་མཛད་པ་ལས།
བིདྱཏྟོ་མ་ལ་འབུམ་སྡེའི་ཡང་སྙིང་དྲག་སྔགས་སྤུ་གྲིར་འབྲེལ་བ། རྣོ་ལ་ཚན་ཆེ་བ།
སློབ་དཔོན་རྣམ་པ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་ནས་ཁ་ཚང་དོན་འདྲིལ་དུ་གདམས་པ་ཟབ་དོན་ཐུགས་ཀྱི་ཉིང་ཁུ་སྤུ་གྲི་རེག་ཕུང་གི་ཆོས་སྐོར་འདི་ཉིད་གཞན་གང་ལའང་མ་སྤེལ་བར།
ལྷོ་ནུབ་སྲིན་ཡུལ་དུ་ཕེབས་པའི་གཤེགས་སྐྱེལ་ལ་མཚོ་རྒྱལ་དཔོན་སློབ་གསུམ་བྱོན་པའི་སྐབས་སུ་ཕུར་པའི་བཀའ་བབས།
ཚེ་རབས་ཀྱི་ལས་ཅན།
གཏན་གྱི་གཟུངས་མར་དགོངས་ནས་སྐྱེལ་ལེན་གྱི་ཚུལ་དུ་མཁར་ཆེན་བཟའ་ཁོ་ན་ལ་མནོག་ཆོས་གཅིག་བརྒྱུད་དུ་གནང་།
དེས་ཀྱང་ཆེས་ཆེར་སྙིགས་མའི་མཐར་ཐུག་པའི་དུས་ཀྱི་གདུལ་བྱ་དགོངས་ཏེ་
སུ་ལའང་མ་སྤེལ་བར་ལས་ཅན་སྨོན་ལམ་ལ་དབང་བའི་སྐྱེས་བུ་གཅིག་གི་སྙིང་ལ་བཀའ་རྒྱས་བཏབ་སྟེ་མི་སྣང་བར་སྦས་པ་ལས།
དེང་དུས་གུ་རུ་ཡབ་ཡུམ་གྱི་ཐུགས་རྗེ་འགོགས་པ་མེད་པའི་མཐུ་ལས་རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱིས་རྨི་ལམ་དག་པའི་སྣང་ངོར་མཁའ་འགྲོ་མཚོ་རྒྱལ་མས་རྗེས་སུ་བཟུང་བའི་གསལ་སྣང་ལ་བརྟེན་ནས་ཟབ་མོ་དགོངས་པའི་གཏེར་ཁ་ཤུགས་འབྱུང་དུ་བརྡོལ་ཏེ་གཏན་ལ་ཕབ་པའི་ཟབ་ཆོས་ཏེ།
བཀའ་གཏེར་རྡོ་རྗེ་ཕུར་པའི་ལམ་སྲོལ་རིང་བརྒྱུད་ཀྱི་ཆུ་བོ་འདུས་པ།
ཉེ་བརྒྱུད་ཀྱི་དྲོད་ཚད་ལྡན་པ།
བཀའ་བབས་ཀྱི་བྱིན་རླབས་ཆེ་བ།
ཕྲིན་ལས་ཀྱི་ཚན་ཁ་འབར་བ།
རྟེན་འབྲེལ་གྱི་ས་རྒ་མ་ལོག་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་ཟབ་མོ་སྒྲུབ་པར་བྱ་བ་ལ།
བདག་ཉིད་སློབ་དཔོན་གྱིས་བྱ་བའི་འོས་སུ་གྱུར་པ་རྣམས་གྲུབ་ཟིན་པས།
ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སྨིན་བྱེད་དབང་གི་རིམ་པ་རྣམས་ཞུ་བའི་ཡོན་དུ་མནྜལ་འབུལ་བར་ཞུ།
ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །
རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །
སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །
འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །
ཏྲཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་ས་པ་ར་ན་ས་མ་ཡེ་ཨཱཿཧཱུྃ། །
དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པར་འདུ་ཤེས་པའི་གུས་པ་ཉེ་བར་བཞག་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔
བྱམས་དང་སྙིང་རྗེས་གང་འདུལ་བ༔
སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔
རྡོ་རྗེ་གཞོན་ནུའི་དབང་མཆོག་སྩོལ༔
ལན་གསུམ་ཞུས་པའི་ལན་དུ་སློབ་དཔོན་གྱིས།
ལེགས་འོངས་སྐལ་ལྡན་རིགས་ཅན་རྣམས༔
བླ་མེད་གསང་བའི་དཀྱིལ་འཁོར་འདིར༔
འཇུག་ཅིང་དམ་ལ་གནས་གྱུར་པའི༔
དབང་དང་སྐལ་པར་ལྡན་ལགས་སམ༔
ཞེས་དྲིས་པའི་ལན་ཏུ་འདིའི་རྗེས་ཟློས་མཛོད།
བདག་ཅག་སྐལ་ལྡན་སྒྲུབ་པ་པོ༔
ལྷ་དང་བླ་མ་དབྱེར་མི་ཕྱེད༔
བླ་མེད་རྡོ་རྗེ་ཕུར་པ་ཡི༔
དབང་གི་དཀྱིལ་འཁོར་འཇུག་པར་སྤྲོ༔
ཞེས་ཞུ།
དེ་ནས་རྒྱུད་དག་ཅིང་སྣོད་དུ་རུང་བར་བྱ་བའི་སླད་དུ་དཀྱིལ་འཁོར་རྣམ་པ་གསུམ་གྱི་ལྷ་ཚོགས་ལ་ཕྱོགས་དུས་ཀྱི་རྩ་གསུམ་དཀོན་མཆོག་མ་ལུས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་བཞུགས་པ་ལ།
མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་དང་ལྷན་ཅིག་ཕྱག་འཆལ་ཤིང་སྐྱབས་སུ་འགྲོ་བ་སོགས་ཡན་ལག་བརྒྱད་ཀྱི་སྒོ་ནས་ཚོགས་བསགས་པ་འདི་རྗེས་ཟློས།
ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔
དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔
མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔
གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔
དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔
དག་པའི་མཆོད་པ་བཞེས་སུ་གསོལ༔
དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔
ཉེས་བྱས་མ་ལུས་བཤགས་པར་བགྱི༔
ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔
མ་ཆགས་སྤྱོད་ལ་རྗེས་ཡི་རང་༔
དག་པའི་མཐའ་བཞི་དྲི་མ་མེད༔
རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔
བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔
དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔
ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔
བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔
སོགས་ལན་གསུམ།
གསང་སྔགས་ཀྱི་གཞི་དབང་ལ་བརྟེན་ཀྱང་དབང་གི་སྲོག་དམ་ཚིག་ལ་རག་ལས་པས་ན་
ཕྱི་སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པ་སོ་ཐར་གྱི་ཚུལ་ཁྲིམས།
ནང་གཞན་ལ་ཕན་པ་སྒྲུབ་བ་བྱང་ཆུབ་སེམས་དཔའི་བསླབ་བྱ།
གསང་བ་རང་རྒྱུད་ཐབས་ཤེས་དབྱེར་མེད་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་གཅིག་ཏུ་སྡོམ་པ་རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད།
རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་འདིར༔
སོ་སོར་ཐར་པའི་སྡོམ་པ་དང་༔
བྱང་ཆུབ་སེམས་དཔའི་བསླབ་བྱ་དང་༔
རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས༔
དེང་ནས་བདག་གིས་བརྟན་པར་བཟུང་༔
ལན་གསུམ།
དམ་ཚིག་གི་མནའ་ཆུ་ལྕེ་ལ་བཞག་ཅིང་རྡོ་རྗེ་གནས་གསུམ་དུ་གཏུགས་ཏེ།
ཧཱུྃ༔ དམ་ཚིག་འདི་ནི་བླ་ན་མེད༔
སྐུ་གསུང་ཐུགས་དང་མཉམ་སྦྱོར་ཕྱིར༔
ང་ནི་ཁྱོད་ཀྱི་ཧེ་རུ་ཀཿ
ང་ཡིས་བསྒོ་བའི་བཀའ་ཅི་བཞིན༔
ཁྱོད་ཀྱིས་འདའ་བར་མི་རུང་ངོ་༔
ཨོཾ་ཨཱཿཧཱུྃ་ས་མ་ཡ་ཛ༔
བླ་མ་དབལ་ཆེན་པོས་ཇི་ལྟར་བསྒོས་པའི་དམ་ལས་མི་འདའ་བར་རྡོ་རྗེའི་ཐ་ཚིག་ལ་རབ་ཏུ་གནས་པར་བགྱིའོ་སྙམ་པས་བྲོ་བོར་བ་འདིའི་རྗེས་ཟློས་འཚལ།
ཨི་དན་ན་ར་ཀན༔
དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ཏེ་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག །
ལས་བུམ་གྱི་ཆུ་དང་།
ཨ་མྲྀ་ཏས་བསང་།
སྭ་བྷཱ་ཝས་སྦྱང་།
ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས་
འོ་སྐོལ་གནས་པའི་ས་ཕྱོགས་འདི་ཉིད་ཐ་མལ་གདོས་བཅས་སུ་མ་ཡིན་པ་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་རྒྱ་ཁྱོན་བཀོད་པ་ཚད་མེད་པར་གྱུར་བའི་དབུས་སུ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་ཟླ་ཉི་ལྷ་ཆེན་ཕོ་མོ་བསྣོལ་བའི་གདན་ལ་སེམས་ཉིད་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས།
དོན་གཉིས་བྱས་ནས་ཚུར་འདུས་པ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག །
ཞལ་ཕྱག་གཡས་དཀར་གཡོན་དམར་དབུས་མཐིང་ནག་སྤྱན་དགུ་དམར་ཟླུམ་ཕྱོགས་བཅུར་གཟིགས་ཤིང་དབུ་སྐྲ་ཁམ་ནག་གྱེན་དུ་འབར་ལ་རིགས་ལྔའི་རྩེ་བྲན་ཅན་གྱི་ཐོག་སྐམ་ལྔས་བརྒྱན་པ།
ཕྱག་གཡས་གཉིས་རྡེ་རྗེ་རྩེ་དགུ་དང་རྩེ་ལྔ།
གཡོན་གཉིས་མེ་དཔུང་དང་ཁ་ཊྭཱཾ་བསྣམས་ཤིང་།
མཐའ་གཉིས་རི་རབ་ཀྱི་ཕུར་བུ་འདྲིལ་བ།
རྡོ་རྗེ་རིན་པོ་ཆེའི་གཤོག་པ་སོགས་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་ཞབས་བཞི་བརྐྱང་བསྐུམ་འདོར་ཐབས་སུ་བཞུགས་པའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ།
ཨུཏྤལ་དང་ཐོད་ཁྲུག་འཛིན་ཅིང་ཁྲོ་མོའི་ཆས་ཀྱིས་བརྒྱན་པས་འཁྱུད་པ།
གཉིས་ཀའང་སྣང་སྟོང་དབྱེར་མེད་གར་དགུའི་ཉམས་ལྡན་གཏུམ་རྔམ་གཟི་བརྗིད་ཀྱི་དཔལ་དུ་འབར་བའི་དཔྲལ་བར་ཨོཾ་དཀར་པོ།
མགྲིན་པར་ཨཱཿདམར་པོ།
ཐུགས་ཀར་ཧཱུྃ་སྔོན་པོ་གསུམ་གྱིས་མཚན་པ་དང་།
ཡབ་ཀྱི་ཐུགས་ཙིཏྟ་རིན་པོ་ཆེའི་སྤུབས་སུ་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་ཚོན་གང་བ་རྡོ་དྲིལ་འཛིན་པའི་ཐུགས་ཀར་རྡོ་རྗེ་མཐིང་ག་ནས་འབྲུ་ཙམ་གྱི་ལྟེ་བར་ཉི་མ་ལ་ཧཱུྃ་མཐིང་ནག་གི་མཐར་ཀཱི་ལ་ཡ་འབྲུ་བཅུ་བཞིས་བསྐོར་བ་རྣམས་དང་།
བླ་མ་དཀྱིལ་འཁོར་གྱི་འཁོར་ལོའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་དུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ།
ཐམས་ཅད་ཀྱང་དཔལ་ཆེན་རྡོ་རྗེ་ཕུར་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ནམ་མཁའ་གང་བར་བྱོན་ཏེ་ཁྱེད་རང་རྣམས་ལྷར་གསལ་བའི་སྐུ་ལུས་ཀྱི་ཆ་ཐམས་ཅད་དང་ཁྱད་པར་སྙིང་གའི་ཏིང་འཛིན་སེམས་དཔའ་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་བརྟན་པོ་མཛོད་ཅིག །
ཅེས་བརྡ་སྦྱར་ལ་སྤོས་རོལ་དབྱངས་དང་བཅས།
ལས་བྱང་གི་བྱིན་འབེབས་མཐར་རྩ་སྔགས་གཤམ་དུ།
ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱཿ ར་ར་ར་ར་ཅ་ལ་ཡ་ཙ་ལ་ཡ་ཧཱུྃ་ཨ་ཧཾ་ཛྷེཾ༔
ཞེས་དྲག་ཏུ་བཟླས་ལ་དབབ།
དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད།
མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ།
ཏིཥྛ་བཛྲ། ཞེས་བརྟན་པར་བྱ།
དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་ནས་དངོས་གཞི་དབང་བསྐུར་བཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ།
ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །
རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །
སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །
འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །
ཏྲཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་ས་པ་ར་ན་ས་མ་ཡེ་ཨཱཿཧཱུྃ། །
གསོལ་བ་འདེབས་པ་འདིའི་རྗེས་ཟློས།
ཀྱཻ༔ རྡོ་རྗེ་འཛིན་པ་དཀྱིལ་འཁོར་བདག༔
ཕུར་བ་བླ་ན་མེད་པ་ཡི༔
དཀྱིལ་འཁོར་ཆེན་པོར་བདག་འཇུག་ཅིང་༔
དབང་བཞི་རྫོགས་པར་བསྐུར་དུ་གསོལ༔
ལན་གསུམ།
དེ་ནས་དངོས་གཞིའི་དབང་གི་ཐོག་མར་བུམ་པའི་དབང་བསྐུར་བ་ལ།
གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སད་པ་རྣམས་དང་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་ནམ་མཁར་ཀཱི་ལ་ཡའི་སྔགས་སྒྲ་དི་རི་རི་བྱོན།
རིག་འཛིན་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་བཞིན་རིན་པོ་ཆེའི་བུམ་པ་ཟག་མེད་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བས་རྒྱལ་ཐབས་སྤྱི་བླུགས་སུ་མངོན་པར་དབང་བསྐུར་བའི་མོས་པ་མཛོད།
རྣམ་བུམ་ཐོགས་ལ།
ཧཱུྃ༔ སྟོང་གསལ་ཆེས་དབྱིངས་བུམ་པ་རུ༔
བདེ་ཆེན་ཕུར་པའི་ལྷ་ཚོགས་གནས༔
སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔
རྡོ་རྗེ་གཞོན་ནུའི་སྐུ་ཐོབ་ཤེག༔
སྔགས་མཐར།
ཀ་ལྰ་ཤ་ཨ་བྷིཥི་ཉྕ་ༀ༔
ཞེས་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན།
དེ་ལྟར་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་རྐང་མཐིལ་ཡན་ཆད་མེར་གྱིས་གང་།
ཆུའི་ལྷག་མ་ཡར་ལུད་པ་ལས་ཁྲག་འཐུང་རིགས་ལྔས་དབུ་བརྒྱན།
དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །
གཙོ་ཕུར་འདི་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས།
ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས།
ཉོན་ཤེས་ཀྱི་སྒྲིབ་པ་དག་ཅིང་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་ཐོབ་པར་མོས་ཤིག །
སྒྲུབ་ཕུར་ཐོགས་ལ།
ཧཱུྃ༔ སྣང་སྲིད་ཕུར་བུའི་དཀྱིལ་འཁོར་དུ༔
སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྫོགས༔
རྩ་བའི་དཔལ་ཆེན་བསྒོམ་པ་དང་༔
ཕྱོགས་བཅུའི་ཁྲོ་བོ་སྤྲུལ་པར་འགྱེད༔
རྫས་ཀྱི་སྲས་མཆོག་ལས་ལ་མངགས༔
བསྙེན་སྒྲུབ་ཕྲིན་ལས་དབང་ཐོབ་ཤོག༔
རྩ་སྔགས་མཐར།
ཨ་བྷིཥི་ཉྕ་ཨོཾ་ཨཱཿཧཱུྃ༔
ཞེས་གནས་གསུམ་དུ་གཏུག །
སློབ་དཔོན་མདུན་གྱི་ལས་ཕུར་གཏད་དེ།
ཧཱུྃ༔ བདག་དང་ལག་པའི་མཆོག་རྣམས་ཀྱིས༔
རབ་ཏུ་དྲིལ་ཏེ་གསོཪ་བྱས་ན༔
དུག་གསུམ་རྩ་བ་རྩད་བཅད་ཕྱིར༔
འདྲིལ་ཞིང་འདེབས་པའི་དབང་བསྐར་རོ༔
ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥི་ཉྕ་ཨཱཿ
ཕུར་པ་འདི་ཉིད་སྲུང་པའི་དོན་དུ་ཀླད་ལ་ལན་གསུམ།
ཟློག་པའི་དོན་དུ་རྐེད་པར་ལན་གསུམ་བསྐོར་ཞིང་།
བསད་པའི་ཕྱིར་དུ་ལན་གསུམ་དྲིལ་ཏེ་དགྲ་དང་བགེགས་ལ་འདེབས་པའི་མོས་པས་ཛབ་དབྱངས་ལྷན་ཅིག་ཏུ་གསུང་བར་ཞུ།
ཞེས་དཔོན་སློབ་ལྷན་ཅིག་ཏུ་ཛཔ་དབྱངས་བྱ་ཞིང་ཕུར་སྐོར་བྱེད་དུ་གཞུག །
དེ་ལྟར་ན་ཕྱི་ཀུན་རྫོབ་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བླ་མ་སྤྲུལ་པའི་སྐུ་ལས་བུམ་པའི་དབང་ཐོབ།
ཕུང་ཁམས་སྣོད་བཅུད་ཐ་མལ་དུ་ཞེན་པའི་རྟོག་ཚོགས་སྦྱངས་ཏེ་ལུས་ཀྱི་སྒྲིབ་པ་དག །
ལམ་དུས་སུ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་།
སྣོད་བཅུད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གཅིག་ཏུ་རྫོགས་ནས།
འབྲས་བུ་སྐུ་རྡོ་རྗེ་མཆོག་གི་སྤྲུལ་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །
ཞེས་རྟོགས་པ་བསྐྱེད་།
དེ་ནས་གསང་བའི་དབང་གི་སླད་དུ།
བླ་མ་དཔལ་ཆེན་པོ་ཡབ་ཡུམ་རྗེས་ཆགས་བདེ་ཆེན་གྱི་མཉམ་སྦྱོར་མཛད་པའི་བདེ་བ་ཆེན་པོའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་པ་ཡབ་ཀྱི་ཞལ་དུ་ཞུགས།
ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ་བ་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ལས་ཡུམ་གྱི་པདྨར་བབས།
བྱང་སེམས་དཀར་དམར་རོ་གཅིག་འདྲེས་པའི་རྒྱུན་མུ་ཏིག་གི་མདངས་ཆགས་པ་ཐོད་པའི་བདུད་རྩི་དང་དབྱེར་མེད་དུ་གྱུར་པ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་སྟེ་དབང་བསྐུར་བར་མོས་ཤིག། །
བྷནྡྷ་ཐོགས་ལ།
ཧཱུྃ༔ བླ་མ་ཧེ་རུ་ཀ་ཡབ་ཡུམ༔
དགའ་བཞི་རོལ་པའི་བྱང་ཆུབ་སེམས༔
བུ་ཡི་ལྕེ་ལ་བཞག་པ་ཡིས༔
བདེ་ཆེན་གསང་བའི་དབང་ཐོབ་ཤོག༔
སྔགས་མཐར།
གུ་ཧྱ་ཨ་བྷིཥིཉྕ་ཨཱཿ
ཞེས་སྦྱིན་ཅིང་།
རྣམ་པར་རྟོག་པ་མེད་པའི་བློས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མྱང་མཛོད།
ཨ་ཧོཿམ་ཧཱ་སུ་ཁ༔
བྱང་སེམས་བདུད་རྩིའི་རྒྱུན་གྱི་རྩ་གནས་ཐམས་ཅད་གང་བས་རྩའི་འཆིང་བྱེད་ཀྱི་མདུད་པ་གྲོལ།
གཟུང་འཛིན་བརྒྱད་ཅུའི་རྟོག་པ་འགགས།
ཐིག་རླུང་སེམས་གསུམ་ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་ནས་བདེ་དྲོད་ཀྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མེས་པ་མཛོད།
དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལས་གསང་བའི་དབང་ཐོབ།
རླུང་ཐ་མལ་དུ་འཛིན་པའི་བག་ཆགས་སྦྱངས་ཏེ་ངག་གི་སྒྲིབ་པ་དག །
ལམ་དུས་སུ་བདག་བྱིན་རླབས་རྫོགས་རིམ་ཙཎྜ་ལཱིའི་རྣལ་འབྱོར་བསྒོམ་པ་ལ་དབང་།
སྒྲ་སྐད་དང་རླུང་འབྱིན་འཇུག་གསང་སྔགས་སུ་དག་སྟེ།
འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །
ཞེས་རྟོགས་པ་བསྐྱེད།
དེ་ནས་དབང་གསུམ་པའི་སླད་དུ།
ཁྱེད་རང་རྣམས་དཔལ་ཆེན་པོ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བ་ལ།
སློབ་དཔོན་གྱིས་ཡུམ་འཁོར་ལོ་རྒྱས་འདེབས་མ་ལས་རིགས་མཐུན་གྱི་ལས་རྒྱ་གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པ་ཞིག་རྣམ་པར་འཕྲུལ་པའི་ལག་གཡོན་ནས་བཟུང་སྟེ།
རྒྱལ་བ་ཐམས་ཅད་དཔང་པོར་གསོལ་ནས་ཁྱེད་རྣམས་ཀྱི་ལག་གཡས་སུ་གཏད་པར་མོས་ཤིག
རིག་མའི་གཟུགས་བརྙན་ཐོགས་ལ།
ཧཱུྃ༔ ཤེས་རབ་ཡུམ་གྱི་པདྨ་ལ༔
ཆགས་མེད་བདེ་སྟོང་ཐིག་ལེར་འཁྱིལ༔
འགྱུར་མེད་ལྷན་སྐྱེས་དགའ་བ་མྱོང་༔
ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔
སྔགས་མཐར།
མ་ཧཱ་མུ་དྲ་ཨ་བྷིཥིཉྕ་ཧཱུྃ
ཞེས་ལག་ཏུ་གཏད།
དེ་ལྟར་གཏད་པའི་རིག་མ་དེ་དང་འདུ་ཤེས་གསུམ་ལྡན་གྱི་རོལ་པས་རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ཆེས་ཆེར་འབར་བས་གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་སྟེ་བྱང་སེམས་བདུད་རྩིའི་དྭངས་མ་དབབ་ལྡོག་གི་སྦྱོར་བས་བདེ་སྟོང་དགའ་བཞིའི་ཡེ་ཤེས་མཐར་ཐུག་པ་སྐྱེས་པར་མོས་ཤིག །
དེ་ལྟར་གསང་བ་ཆོས་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་དུ་བླ་མ་ཆོས་ཀྱི་སྐུ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ།
གཟུང་འཛིན་གཉིས་སྣང་གི་རྟོག་ཚོགས་སྦྱངས་ནས་ཡིད་ཀྱི་སྒྲིབ་པ་དག །
ལམ་དུས་སུ་ཕོ་ཉ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གསེང་ལམ་བསྒོམ་པ་ལ་དབང་།
བདེ་སྡུག་བྱུང་ཚོར་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་སུ་དག་སྟེ།
འབྲས་བུ་ཐུགས་རྡོ་རྗེ་ཚེས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །
ཞེས་རྟོགས་པ་བསྐྱེད།
དེ་ནས་དབང་རྣམས་ཀུན་གྱི་མཐར་ཐུག་བཞི་པ་ཚིག་དབང་རིན་པོ་ཆེ་བརྡ་དང་བྱིན་རླབས་ཀྱི་སྟོབས་ཀྱིས་ངོ་སྤྲོད་པ་ལ།
སྒོ་གསུམ་མ་བཅོས་རང་བབས་སུ་ལྷོད་ཀྱིས་ཀློད་ནས་ལྟ་སྟངས་གཡོ་བ་མེད་པས་མན་ཤེལ་འདི་ཉིད་ལ་མིག་དབང་གཏོད་པར་ཞུ།
མན་ཤེལ་དྲི་མེད་བསྟན་ལ།
ཧཱུྃ༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔
ཡེ་ནས་རྣམ་དག་རིག་པའི་གཤིས༔
རང་གྲོལ་འཛིན་མེད་ལྷག་པ་འདི༔
རྡོ་རྗེ་གཞོན་ནུའི་དགོངས་པ་ཡིན༔
སྔགས་མཐར།
དྷརྨ་དྷཱ་ཏུ་ཨ་བྷིཥི་ཉྕ་ཧཱུྃ༔
དེ་ཡང་མན་ཤེལ་འདིའི་དཔེས་མཚོན་ནས་རང་སེམས་སྟོང་གསལ་རིག་པའི་སྙིང་པོ་ཅན་འདི་ནི་ཤེལ་གོང་དྭངས་པ་ལ་རྐྱེན་དང་འཕྲད་བས་འཇའ་འོད་ཚོན་རིས་སྣ་ཚོགས་སུ་འཆར་བ་བཞིན།
རིག་པའི་ངོ་བོ་ཀ་དག་སྤྲོས་པ་དང་བྲལ་བ།
རང་བཞིན་འགགས་མེད་དུ་ལྷུན་གྱིས་གྲུབ་པ།
ཐུགས་རྗེའི་རྩལ་ཅིར་ཡང་འཆར་བ།
དེ་གསུམ་དབྱེར་མེད་མཉམ་ཉིད་བློ་འདས་ཆེན་པེ་འདི་ཉིད་དཔལ་ཆེན་ཧེ་རུ་ཀའི་དགོངས་པར་ངོ་ཤེས་པར་གྱིས་ལ།
རང་བབས་གཉུག་མའི་གཤིས་ལུགས་འོད་གསལ་རྣམ་པར་མི་རྟོག་པ་ནམ་མཁའ་དྭངས་པའི་དབྱིངས་ལྟ་བུའི་ངང་དུ་མཉམ་པར་ཞོག་མཛོད། །
ཅེས་དར་གཅིག་མཉམ་པར་བཞག །
དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁེར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུ་ལས་རིག་པའི་རྩལ་དབང་ཐོབ།
སྒོ་གསུམ་ཐ་དད་འཛིན་པའི་ཤེས་བྱའི་སྒྲིབ་པ་ཆེས་ཕྲ་བ་སྦྱངས།
ལམ་དུས་སུ་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་རྫོགས་རིམ་མཐར་ཐུག་པའི་རྣལ་འབྱོར་ཆེན་པོ་བསྒོམ་པ་ལ་དབང་།
སྣང་བཞི་ཟད་སར་འཁྱོལ་ཏེ།
འབྲས་བུ་ངོ་བོ་ཉིད་སྐུ་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་ཁྱད་པར་ཅན་ཡིན་ནོ། །
ཞེས་རྟོགས་ལ་བསྐྱེད།
དེ་རྣམས་ཀྱིས་དངོས་གཞིའི་དབང་བསྐུར་བ་གྲུབ་ནས་རྗེས་འབྲེལ་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ།
དཔལ་གྱི་གཏོར་ཆེན་འདི་ཉིད་བཅོམ་ལྡན་འདས་རྡོ་རྫོ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྲུང་དམ་ཅན་དང་བཅས་པའི་སྟེང་གི་ཆ་ལ་རིག་འཛིན་བརྒྱུད་པའི་བླ་མ།
བར་གྱི་ཆ་ལ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས།
འོག་རོལ་དུ་མཁའ་འགྲོ་དམ་ཅན་སྲུང་མ་དང་བཅས་པས་བསྐོར་ཏེ་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན།
སྐུ་གསུང་ཐུགས་ལས་བྱིན་རླབས་དངོས་གྲུབ་ཐམས་ཅད་བདུད་རྩི་འོད་ཟེར་ཐིག་ལེའི་རྣམ་པར་བྱོན་ཏེ།
ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས།
གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སྦྱངས།
གསང་བ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་རྩལ་རྫོགས་སུ་ཐོབ་བྱུང་སྙམ་དུ་མོས་མཛོད།
གཏོར་ཆེན་ཐོགས་ལ།
ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔
སྲིད་པ་རྡོ་རྗེཪ་གྲུབ་མཛོད་ཅིག༔
སྲིད་པ་རྡེ་རྗེ་ཕུར་པའི་ལྷ༔
ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད༔
གཏོར་ཆེན་ལྷ་དང་གཉིས་སུ་མེད༔
དམ་རྫས་ཆེན་པོའི་དངོས་གྲུབ་འདིས༔
སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔
དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔
ཨོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བཱ་ལིཾ་ཏ་ཛྙཱ་ན་ཨ་བྷི་ཥི་ཉྕ་ཨཱ༔
ཞེས་གཏོར་མ་གནས་གསུམ་དུ་བཞག། །
ཛཿ་ཧཱུྃ་བཾ་ཧོ༔
མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ།
གཏོར་ཟན་ཟག་མེད་ཀྱི་བདུད་རྩིར་ཞུ་བ་མགྲིན་པར་མྱང་བས་ལས་དང་དངོས་གྲུབ་མ་ལུས་པ་ལ་དབང་འབྱོར་བར་མོས་ཤིག །
ཅེས་གཏོར་མའི་རས་མ་བདུད་རྩི་དང་སྦྱར་ཏེ་བྱིན།
བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་རྡོ་རྗེའི་གུར་ཅན་གྱི་ནང་དུ་བླ་མ་དཔལ་ཆེན་པོའི་སྐུ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་བདུད་རྩིའི་རྣམ་པར་བསྡུས་ནས་བསྐྱིལ་བ་དང་།
དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་མཚོ་ལ་སྦྲང་ཆར་བབས་པ་ལྟར་དངོས་གྲུབ་ཀྱི་ཞལ་ཟས་ཟླ་གམ་ལ་ཐིམ་པས་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་དུ་གྱུར་པས་དབང་བསྐུར་བས་བདེ་བར་གཤེགས་པའི་སྐུ་ཚེ་དང་ལང་ཆོལ་མངའ་བརྙེས་ཤིང་མཆོག་ཐུན་ཕུན་སུམ་ཚོགས་པའི་དངོས་གྲུབ་ཀྱི་དབང་དམ་པ་ཐོབ་པར་མོས་ཤིག །
ཚེ་འབྲང་དངོས་གྲུབ་ཀྱི་རྫས་བཅས་སྤྱི་བོར་བཞག་ལ།
ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔
ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔
རྟགས་དང་མཚན་མ་བསྟན་པ་དང་༔
ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔
ཨོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྃ་ཕཊ༔
བཛྲཨཱ་ཡུ་ཥེསིདྡྷིཧཱུྃ ཀཱ་ཡ་བཛྲ་སིདྡྷི་ཧཱུྃ༔ ཝཱ་ཀ་བཛྲ་སིདྡྷི་ཧཱུྃ༔ ཙིཏྟ་བཛྲ་སིདྡྷི་ཧཱུྃ༔ གུ་ཎ་བཛྲ་སིདྡྷི་ཧཱུྃ༔ ཀརྨ་བཛྲ་སིདྡྷི་ཧཱུྃ༔ ཤཱནྟིཾ་སིདྡྷི་ཧཱུྃ༔ པུཤྚིཾ་སིདྡྷི་ཧཱུྃ༔ ཝཱ་ཤཾ་སིདྡྷི་ཧཱུྃ༔ ཀརྨ་སིདྡྷི་ཧཱུྃ༔ ཨབྷིཥེཉྕ་ཧཱུྃ་ཨཱཿ
ཞེས་བསྐུར་ཞིང་དངོས་གྲུབ་ཀྱི་རྫས་རོལ་དུ་གཞུག །
དེ་ལྟར་དབང་རྣམས་ཡོངས་སུ་རྫོགས་པ་ཐོབ་པ་ལ།
ནམ་མཁའ་གང་བའི་སངས་རྒྱས་དཀྱིལ་འཁོར་གྱི་ལྷ་དང་བཅས་པས་ཤིས་པ་བརྗོད་པའི་དབྱངས་སྙན་སྒྲོགས་བཞིན་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དབང་དོན་གྱི་ཡེ་ཤེས་བརྟན་པར་བྱས་པའི་མོས་པ་མཛོད།
ཅེས་མཚམས་སྦྱར་ལ་ཤིས་བརྗོད་རྒྱས་པར་སྤེལ།
དེ་རྣམས་ཀྱིས་སྨིན་བྱེད་དབང་གི་རིམ་པ་ཟབ་མོ་ཕུལ་གྲུབ་ནས། སྨིན་ཟིན་གྲོལ་བར་བྱེད་པ་ཁྲིད་ཀྱི་རིམ་པ་ནི་གཏེར་གཞུང་རྡོ་རྗེའི་ཚིག་འདི་ལ་ལེགས་པར་གསན་པས་ཁྱབ་སྟེ།
གཉིས་པ་གྲོལ་བྱེད་ཁྲིད་ལ་ཐལ་འབྱིན་གྱི་དགོངས་པ་སོགས་ནས།
ཤིན་ཏུ་གལ་ཆེ་བ་ཡིན་ནོ༔
ཞེས་པའི་བར་གསལ་དག་སྙན་པས་བརྡ་དོན་འཕྲོད་ངེས་པར་བཀླག །
ཞེས་ཇི་ལྟར་གསུངས་པ་བཞིན་ཐལ་འབྱིན་གྱི་དགོངས་རྣམ་པ་བཞི་ལ་རང་བྱན་ཚུད་པའི་སྒོ་ནས་ཕུར་བུ་རྣམ་བཞི་ཡུལ་སོ་སོར་གདབ་པའི་ལས་ལ་བརྩོན་པར་མཛོད་ཅིག །
དེ་ལྟ་ན་དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོ་མཆོ་རྒྱལ་གྱི་ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་རྒྱུད་དང་མན་ངག་སྒྲུབ་ཐབས་ཐམས་ཅད་ལས་ཡང་ཟབ་སྙིང་པོའི་སྙིང་པོར་བསྔགས་པ་རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་གི་སྨིན་གྲོལ་ཚང་ཕྲུགས་སུ་ཕུལ་གྲུབ་པ་ལགས་པས།
དབང་གི་སྲོག་དམ་ཚིག་ཁོ་ནས་འཛིན་དགོས་པས་ན་རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་ཡན་ལག་གིས་བསྡུས་པ་རྣམས་ཚུལ་བཞིན་དུ་བསྲུང་བར་དམ་བཅའ་བ་འདིའི་རྗེས་ཟློས།
གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །
དེ་དག་ཐམས་ཅད་བདག་གིས་བགྱི། །
དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མནྜལ་ཕུལ་མཛོད།
ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །
རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །
སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །
འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །
ཏྲཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་ས་པ་ར་ན་ས་མ་ཡེ་ཨཱཿཧཱུྃ། །
ཅེས་མཎྜལ་འབུལ་དུ་གཞུག །
སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད།
དེང་ནས་བརྩམས་ཏེ་བདག་བྲན་དུ། །
ཁྱེད་ལ་བདག་ནི་འབུལ་ལགས་ན། །
ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །
ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །
དེ་ལྟར་གསན་པ་ལས་བྱུང་བའི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་གནང་བ་དང་།
ཟབ་ཆོས་འདི་ཉིད་གྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ།
བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །
ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཤིང༌། །
སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །
སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །
སོགས་ཀྱིས་དགེ་བ་བསྡེས་ཏེ་སློབ་མ་རྣམས་རང་གནས་སུ་བཏང་།
སློབ་དཔོན་གྱིས་ཚོགས་ལ་རོལ་པ་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་བྱང་བཞིན་མཐའ་རྒྱས་སུ་བྱའོ། །
བདུད་དཔུང་འཇོམས་ལ་ཆེས་དཔའ་བ། །
སྦུ་གྲི་རེག་ཕུང་ངར་མ་ཡི། །
བྱིན་རླབས་བཅུད་ཀྱིས་སྐལ་ལྡན་སྲོག །
རྡོ་རྗེ་གཞོན་ནུར་རྒྱས་ཐེབས་ཤོག །
ཅེས་ཕུར་པ་སྤུ་གྲི་རེག་ཕུང་གི་དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་འདིའང་། བཀའ་བབས་ཀྱི་སྐྱེས་མཆོག་རིག་པ་འཛིན་པ་སངས་རྒྱས་རྡོ་རྗེའི་བཞེད་པ་སྐོང་བའི་སླད་དུ། སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྐབས་སུ་བབས་པའི་ཁ་སྐོང་ཅུང་ཟད་དང་བཅས་བཀླག་ཆོག་ཏུ་སྤེལ་བའི་ཡི་གེ་པ་ནི་རིག་བྱེད་པ་ནོར་བུ་དབང་རྒྱལ་གྱིས་སོ། །འདིས་ཀྱང་སྐལ་བ་ཅན་གྱི་གདུལ་བྱ་མཐའ་དག་གྲུབ་གཉིས་ཀྱི་དགའ་སྟོན་འདོད་རྒུར་སྤྱོད་པའི་རྒྱུར་གྱུར་ཅིག། །།སརྦ་དཱམ་ངྒ་ལཾ།།