Vajra Verses Commentary—Tibetan
༄༅། །གསོལ་འདེབས་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་པདྨའི་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། དྲན་པས་གདུང་སེལ་ཡིད་བཞིན་ནོར། །གུ་རུ་རྗེ་ལ་གུས་བཏུད་ནས། །གསོལ་འདེབས་རྡོ་རྗེའི་ཚིག་རྐང་གི །གོ་དོན་ཉུང་ངུའི་ངག་གིས་དབྱེ། །དེའང་འདི་སྐད་ཅེས། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་ལས་བྱོན་པའི་གསོལ་འདེབས་ཀུན་གྱི་ཡང་སྙིང་གུ་རུ་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་བྱིན་རླབས་ཅན་འདིའི་དོན་ཅུང་ཟད་ཅིག་བཀྲོལ་ཏེ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་གསུང་རྒྱུན་ཁོ་བོའི་རིགས་བདག་འགྱུར་མེད་ངེས་དོན་དབང་པོའི་ཞལ་ལུང་ལྟར་འཆད་པ་ལ། ཐོག་མར། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ ཞེས་པ། ཕྱི་ལྟར་ན་དཀོན་མཆོག་གསུམ་ལས་སངས་རྒྱས་དཀོན་མཆོག་སྟེ། འདས་མ་འོངས་ད་ལྟ་གསུམ་དུ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་དང་དབྱེར་མི་ཕྱེད་པའི་བླ་མ་ནི་ཨོ་རྒྱན་རིན་པོ་ཆེ་ཉིད་ཡིན་པས་སོ། །ནང་ལྟར་ན་རྩ་བ་གསུམ་ལས་བྱིན་རླབས་ཀྱི་རྩ་བ་བླ་མ་སྟེ། དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་མ་ལུས་པའི་ཡེ་ཤེས་སྤྱིའི་གཟུགས་ནི་ཨོ་རྒྱན་རིན་པོ་ཆེ་ཉིན་ཡིན་པས་སོ། །གསང་བ་ལྟར་ན་སྐུ་གསུམ་ལས་ཆོས་ཀྱི་སྐུ་སྟེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྐུ་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་དུ་གདོད་ནས་གྲུབ་པས་སོ། །དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ ཞེས་པ། ཕྱི་ལྟར་ན་དམ་ཆོས་དཀོན་མཆོག་སྟེ། མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་གུ་རུའི་གསུང་བཞིན་ཉམས་སུ་བླངས་པ་ལས་འབྱུང་བས་སོ། །ནང་ལྟར་ན་དངོས་གྲུབ་ཀྱི་རྩ་བ་ཡི་དམ་སྟེ། ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་གུ་རུ་རིན་པོ་ཆེ་ཉིད་ལ་བརྟེན་ནས་འབྱུང་བས་སོ། །གསང་བ་ལྟར་ན་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་འཁོར་འདས་ཀྱི་ཆོས་ཀུན་ལ་གཉིས་སུ་མེད་པའི་ཚུལ་གྱིས་ཟག་མེད་བདེ་བ་ཆེན་པོར་ལོངས་སྤྱོད་པས་སོ། །བར་ཆད་ཀུན་སེལ༔ ཞེས་པ། ཕྱི་ལྟར་ན་དགེ་འདུན་དཀོན་མཆོག་སྟེ། ལམ་ལྔ་ས་བཅུའི་བར་ཆད་ཐམས་ཅད་སེལ་ཅིང་ཡོན་ཏན་འབྱུང་བ་ནི་ལམ་གྱི་གྲོགས་དགེ་འདུན་ལ་རག་ལས་ཤིང་། དེ་ཉིད་ཀྱང་ཨོ་རྒྱན་རིན་པོ་ཆེ་ལ་བརྟེན་ནས་འབྱུང་བས་སོ། །ནང་ལྟར་ན་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྟེ། དེ་དག་གིས་སྒྲུབ་པ་པོའི་ས་ལམ་གྱི་བར་ཆད་སེལ་ཅིང་རྣམ་བཞིའི་ཕྲིན་ལས་ཀྱིས་མཐུན་རྐྱེན་སྒྲུབ་པ་ཡིན་ལ། དེ་ཡང་ཨོ་རྒྱན་རིན་པོ་ཆེ་ལ་བརྟེན་ནས་འགྲུབ་སྟེ། དེ་ཉིད་ནི་དཀྱིལ་འཁོར་ཀུན་གྱི་གཙོ་བོ་ཡིན་པས་སོ། །གསང་བ་ལྟར་ན་སྤྲུལ་པའི་སྐུ་སྟེ། གདུལ་བྱ་མཆོག་དམན་བར་མ་སོ་སོའི་སྣང་ངོར་གང་འདུལ་གྱི་སྐུར་སྤྲུལ་ཏེ་བློ་དང་འཚམས་པའི་ཆོས་ཟབ་རྒྱས་ཀྱི་གནད་གསང་ཐམས་ཅད་བསྟན་ནས་སྨིན་ཅིང་གྲོལ་བའི་ལམ་ལ་འགོད་པའི་ཕྱིར་རོ། །དེ་ལྟར་ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུམ་གྱི་བདག་ཉིད། སངས་རྒྱས་ཀུན་གྱི་སྤྱི་གཟུགས། དམ་ཆོས་ཀུན་གྱི་འབྱུང་གནས། དགེ་འདུན་ཀུན་གྱི་གཙུག་རྒྱན། རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེན་པོ་ནི། བདུད་འདུལ་དྲག་པོ་རྩལ༔ ཞེས་བྱ་བའི་གསང་མཚན་འཆང་བ་པོ་ཉིད་དེ། ཅིའི་ཕྱིར་ན་འཇིགས་པའི་བདུད་བཞི་རང་སར་བཏུལ་ཞིང་གསང་བའི་དགྲ་གསུམ་དབྱིངས་སུ་བསད་ནས་རྟོགས་པས་བདག་བསྒྲལ། ཕྲིན་ལས་རྣམ་པ་བཞི་ལ་མངའ་དབང་འབྱོར་བས་ཚར་གཅོད་རྗེས་འཛིན་གྱི་ཐུགས་རྗེ་རྒྱུན་ཆད་མེད་པས་བརྩེ་བས་གཞན་སྒྲོལ་བ་སྟེ། དག་པ་གཉིས་ལྡན་གྱི་ཡེ་ཤེས་ཆེན་པོའི་མཐུ་སྟོབས་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དབྱིངས་རིག་གཉིས་སུ་མེད་པའི་ངང་དུ་སྒྲོལ་བའི་དྲག་པོའི་རྩལ་འཆང་བའི་ཕྱིར་རོ། །དེ་ལྟ་བུའི་ཡོན་ཏན་མངའ་བའི་བླ་མ་ཉིད་ལ། གསོལ་བ་འདེབས་སོ༔ ཞེས་པ། ཕྱི་ལྟར་ན་མོས་གུས་གདུང་ཤུགས་དྲག་པོས་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་ཐོབ་པར་འདོད་པའི་དོན་ལ་གསོལ་བ་གདབ་པས་བསྙེན་པ། ནང་ལྟར་ན་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་གནས་པ་ཉིད་རང་གསལ་གདབ་པའི་ཚུལ་གྱིས་སྒྲུབ་པ། གསང་བ་ལྟར་ན་སེམས་ཉིད་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་འདི་ལས་བླ་མ་ལོགས་སུ་མེད་པར་ཐག་བཅད་པའི་སྒོ་ནས་ཐུགས་ཡིད་བསྲེས་ཏེ་གནས་ལུགས་རང་རིག་མ་བཅོས་པའི་ངང་རང་བབས་སུ་སྐྱོང་བ་ལས་ལ་སྦྱོར་བའི་ཚུལ་གྱིས་གསོལ་བ་གདབ་པའོ། དེ་ལྟར་གསོལ་བཏབ་པས། བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་པ། ལུས་ལ་བླ་མའི་སྐུས་བྱིན་གྱིས་བརླབ་ནས་ལུས་སྣང་སྟོང་སྐུ་རྡོ་རྗེ། ངག་ལ་བླ་མའི་གསུང་གིས་བྱིན་གྱིས་བརླབས་ནས་ངག་གྲགས་སྟོང་གསུང་རྡོ་རྗེ། ཡིད་ལ་བླ་མའི་ཐུགས་ཀྱིས་བྱིན་གྱིས་བརླབས་ནས་ཡིད་རིག་སྟོང་ཐུགས་རྡོ་རྗེར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའོ། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ ཞེས་པ། བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཐམས་ཅད་ལ་བར་ཆད་ཅེས་བྱ་ཞིང་། དེ་ཡང་ཕྱིའི་བར་ཆད་ནི་འཇིགས་པ་ཆེན་པོ་བཅུ་དྲུག་སྟེ། ང་རྒྱལ་སའི་འཇིགས་པ། འདོད་ཆགས་ཆུའི་འཇིགས་པ། ཞེ་སྡང་མེའི་འཇིགས་པ། ཕྲག་དོག་རླུང་གི་འཇིགས་པ། གནམ་ལྕགས་ཐོག་གི་འཇིགས་པ། རྣོ་ངར་མཚོན་ཆའི་འཇིགས་པ། བཙོན་ར་རྒྱལ་པོའི་འཇིགས་པ། ཆོམ་རྐུན་དགྲའི་འཇིགས་པ། ཤ་ཟ་འབྱུང་པོའི་འཇིགས་པ། གླང་ཆེན་ཁྲོས་པའི་འཇིགས་པ། སེང་གེ་གཅན་གཟན་གྱི་འཇིགས་པ། སྦྲུལ་སོགས་དུག་གི་འཇིགས་པ། རིམས་སོགས་ནད་ཀྱི་འཇིགས་པ། དུས་མིན་འཆི་བའི་འཇིགས་པ། དབུལ་ཞིང་ཕོངས་པའི་འཇིགས་པ། འདོད་དོན་ཉམས་པའི་འཇིགས་པ་སྟེ་བཅུ་དྲུག་དང་། ནང་གི་བར་ཆད་ནི་བདུད་བཞི་སྟེ། བདག་འཛིན་ཕུང་པོའི་བདུད། འདོད་ཞེན་ཉོན་མོངས་པའི་བདུད། བསླུ་བྱེད་ལྷའི་བུའི་བདུད། འཚོ་འཕྲོག་འཆི་བདག་གི་བདུད་དང་བཞིའོ། །གསང་བའི་བར་ཆད་ནི་ཉོང་མོངས་པ་དུག་ལྔ་སྟེ། འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་སྟེ་ལྔའོ། །དེ་དག་གིས་གང་ལ་བར་དུ་གཅོད་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་བར་དུ་གཅོད་པས། དེས་ན་ཕྱིའི་བར་ཆད་རྣམས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་རྟོགས་པའི་ནུས་པས་ཞི་བ་དང་། ནང་གི་བར་ཆད་རྣམས་གཟུང་འཛིན་བདག་མེད་ཀྱི་དབྱིངས་སུ་སྒྲོལ་བས་ཞི་བ་དང་། གསང་བའི་བར་ཆད་དུག་ལྔ་ཡེ་ཤེས་ལྔར་རྟོགས་ནས་རྐྱེན་ངན་ལམ་དུ་སློང་ནུས་པས་ཞི་བའམ། ཨོ་རྒྱན་རིན་པོ་ཆེའི་གསང་བ་གསུམ་གྱི་བྱིན་རླབས་ཀྱི་ནུས་པས་ཞི་བར་གསོལ་བ་གདབ་པའོ། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པ། བསམ་པ་ལ་གནས་སྐབས་ཀྱི་བསམ་པ་དང་། མཐར་ཐུག་གི་བསམ་པ་གཉིས་ལས། དང་པོ་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དེ་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཚོགས་པར་གསོལ་བ་འདེབས་པ་སྟེ། དེ་ལ་ཇི་སྐད་དུ། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཞེས་པ་ལྟར་ཐུན་མོང་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་གྱིས་འཚོ་བ་དང་། ཁྱད་པར་རང་རྒྱུད་འཕགས་པའི་ནོར་བདུན་གྱིས་ཕྱུག་པར་གསོལ་བ་འདེབས་པའོ། །འཕགས་ནོར་བདུན་ནི། དད་པའི་ནོར། ཚུལ་ཁྲིམས་ཀྱི་ནོར། བརྩོན་འགྲུས་ཀྱི་ནོར། ཁྲེལ་ཡོད་པའི་ནོར། ཐོས་པའི་ནོར། གཏོང་བའི་ནོར། ཤེས་རབ་ཀྱི་ནོར་དང་བདུན། །མཐར་ཐུག་གི་བསམ་པ་ནི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་བྱ་སྟེ། དེ་ཡང་གཞི་སེམས་ཅན་ཀུན་གྱི་སེམས་ཉིད་བདེ་གཤེགས་སྙིང་པོ་ཡེ་གདོད་མ་ནས་སངས་རྒྱས་ཀྱི་རང་བཞིན་དུ་གནས་ཀྱང་། རང་ངོ་རང་གིས་མ་ཤེས་པར་གློ་བུར་སྒྲིབ་གཉིས་བག་ཆགས་ཀྱིས་བསྒྲིབས་ནས་འཁོར་བར་འཁྱམས་པ་ཡིན་ལ། དེ་ལྟར་སྒྲིབ་གཉིས་ཀྱི་གཉེན་པོར་ལམ་ཚོགས་གཉིས་ཟུང་འཇུག་གམ་བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླངས་པས། འབྲས་བུ་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་དེའི་གློ་བུར་གྱི་སྒྲིབ་པ་དབྱིངས་སུ་དག་ནས་གནས་ལུགས་ཇི་ལྟ་བ་ཉིད་མངོན་དུ་གྱུར་པ་ལ་མཆོག་གི་དངོས་གྲུབ་ཐོབ་པ་ཞེས་བྱ་སྟེ། དེས་ན་དེ་ལྟ་བུའི་གནས་སྐབས་དང་མཐར་ཐུག་གི་བསམ་པ་ཐམས་ཅད་འབད་ཅིང་རྩོལ་བ་ལ་མ་ལྟོས་པར་མྱུར་བ་ཉིད་དུ་རང་བཞིན་ངང་ངམ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ། །མཆོག་གི་མྱུར་ལམ་ཡོངས་ཀྱི་ཕུལ། །ཕུལ་བྱུང་བླ་མའི་གསོལ་འདེབས་འདི། །འདི་ཕྱིར་བདེ་ལེགས་འདོད་པ་ཀུན། །ཀུན་ནས་མོས་པས་བསྟེན་པར་བྱོས། །འདིར་འབད་དགེ་བས་བདག་གཞན་འགྲོ། །སྐྱེ་ཀུན་གུ་རུས་རྗེས་བཟུང་ནས། །དོན་གཉིས་བསམ་རྒུ་ཡིད་བཞིན་འཇོ། །ཕན་བདེའི་བཀྲ་ཤིས་རྒྱས་གྱུར་ཅིག །ཅེས་པའང་རིགས་ལྡན་གྱི་ཤེས་རབ་མ་ཚེ་བརྟན་གཡུའི་སྒྲོན་མས་དྲིས་ཤིང་བསྐུལ་བ་ལ་བརྟེན་ནས། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མོན་གྱི་སྤ་གྲོ་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་ཀེའུ་ཚང་དུ་ཤར་མར་བྲིས་པ་སིདྡྷི་རསྟུ།། །།