The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Instructions for Chögyal—Tibetan

English | བོད་ཡིག

༄༅། །ཆོས་རྒྱལ་ལ་འདམས་པའོ། །

དུས་གསུམ་སངས་རྒྱས་འདུས་པའི་དཔལ། །
ཀུན་བཟང་མཚོ་སྐྱེས་རྡོ་རྗེས་སྐྱོངས། །
སྨོན་ལམ་ལས་འབྲེལ་སྐྱེས་བུ་ཁྱོད། །
ངེས་པར་ཆོས་ཞིག་བསྒྲུབ་འདོད་ན། །
དལ་འབྱོར་རྙེད་དཀའི་ཚུལ་ལ་སོམས། །
དོན་དང་ལྡན་པ་ཞིག་ལ་རེམ། །
མི་རྟག་འཆི་བ་མ་བརྗེད་པར། །
བློ་ཐག་རིང་པོའི་སྣ་ཀ་བསྟུང་། །
ཚེ་རབས་ཐོག་མ་མེད་ལ་ལྟོས། །
དམ་པའི་ཆོས་དང་འཕྲད་པར་དཀའ། །
མི་ཚེ་རྨི་ལམ་སྐབས་ཙམ་ལ། །
བྱ་བྱེད་མ་མང་ཆོས་ལ་དྲིལ། །
ལོ་ཟླའི་སྒྲུབ་པ་ཙམ་རེ་ལ། །
ཡུས་ཆེ་མ་བྱེད་ཚེ་མཐར་གཏུག །
ཚེ་དང་སྒྲུབ་པ་མཉམ་བྱས་ན། །
སྐྱེས་བུ་རབ་ཀྱི་སྤྱོད་པ་ཡིན། །
ངོ་ལྐོག་གཡོ་སྒྱུ་མེད་པ་རུ། །
དམ་སྡོམ་བསྲུང་ན་རྒྱལ་སྲས་ཡིན། །
སྟོང་ཉིད་ལྟ་བ་རིན་པོ་ཆེ། །
བར་མེད་བསྒོམ་ན་རྣལ་འབྱོར་ཡིན། །
རིག་པ་བྱར་མེད་བློ་བདེའི་ངང་། །
རང་གར་འདུག་ན་རིག་འཛིན་ཡིན། །
སྤྱོད་པ་མི་དང་མི་བསྟུན་པར། །
རང་ས་བཟུང་བ་བྱ་བཏང་ཡིན། །
གང་དང་ཐུག་འཕྲད་མེད་པ་རུ། །
གཅིག་པུར་གནས་པ་རི་ཁྲོད་ཡིན། །
ཆོས་བརྒྱད་བྱ་བའི་མཚམས་བཅད་ནས། །
ཆོས་ཉིད་ངང་གནས་མཚམས་པ་ཡིན། །
ཡིན་པ་བདུན་དང་ལྡན་གྱུར་ན། །
དུས་གསུམ་རྒྱལ་བའི་གདུང་འཚོབ་ཡིན། །
བླ་མ་དམ་པའི་བརྒྱུད་འཛིན་ཡིན། །

ཨ་ཧོ། །གནས་གང་འདུག་སྣང་བ་རྒྱ་ཡན་ནེ། །
དུས་ནམ་ཡང་ཤེས་པ་དགའ་སལ་ལེ། །
གྲོགས་སུ་འཕྲད་ཞི་དུལ་སྤྱོད་པ་མཛངས། །
ལས་ཅི་བྱས་བག་ཡོད་དགེ་བར་འདྲེས། །
དེ་གདམས་པའི་ཡང་བཅུད་དམ་པ་ཡིན། །
སེམས་ཡེ་ནས་མ་བཅོས་སྤྲོས་མཐའ་བྲལ། །
ངང་མངོན་དུ་གྱུར་ན་རྟོགས་ལྡན་ཡིན། །
སེམས་ཡེ་སྟོང་དྭངས་གསལ་རྙོད་བྲལ་ལགས། །
ངོ་རང་ཐོག་འཕྲོད་པ་རྟོགས་ལྡན་ཡིན། །
སེམས་ངོ་བོ་ཡེ་སངས་རྒྱས་པ་ལགས། །
ངང་མངོན་དུ་གྱུར་ན་རྟོགས་ལྡན་ཡིན། །
སེམས་ཡེ་གྲོལ་འཁོར་འདས་དག་མཉམ་ཆེ། །
ངོ་རང་སར་ཤེས་པ་རྟོགས་ལྡན་ཡིན། །
སེམས་འཁོར་འདས་འུབ་ཆུབ་ཆེན་པོ་ལགས། །
དེ་རང་ངོ་འཕྲོད་ན་རྟོགས་ལྡན་ཡིན། །
དབྱིངས་ལྷུན་གྲུབ་བདེ་ཆེན་ཐིག་ལེའི་སྐུ། །
འཕེལ་སྨིན་ནས་ཟད་པའི་མཐའ་རུ་ཕེབས། །
མཐར་གཞོན་ནུ་བུམ་སྐུར་འཇའ་ལུས་གྲོལ། །
ཚེ་འདི་རུ་གྲོལ་ཐོབ་ཞིག་ཏུ་རེམ། །
ང་རྒན་པོའི་ལབ་མོ་དེ་ཡིན་པས། །
དོན་ཉམས་སུ་ལོངས་ཤིག་སྐལ་བཟང་བུ། །

ཞེས་ཆོས་རྒྱལ་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པ་དགེའོ། །སརྦ་མངྒ་ལཾ།། །།

བདུད་འཇོམས་གླིང་པ།

བདུད་འཇོམས་གླིང་པ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept