The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Eight Mahāsiddhas—Tibetan

English | བོད་ཡིག

༄༅། །གྲུབ་ཆེན་བརྒྱད་ཀྱི་གསོལ་འདེབས།

 

ཀུན་མཁྱེན་སྐྱིད་ཕུག་སུ་བྱོན་ནས། ཨེ་ཝཾ་སྒྲ་སྒྲུབ་ཚར་གཅིག་གསུངས་དུས་སུ་ཐ་སྐར་གྱི་ཟླ་བའི་ཚེས་བཅོ་ལྔའི་སྔ་དྲོ་ལ་ནམ་མཁའ་དྭངས་བའི་དཀྱིལ་དུ་འཇའ་འོད་སྣ་ཚོགས་ཀྱི་གུར་ཁྱིམ་གྱི་དབུས་སུ་རྡོ་རྗེ་འཆང་དང་གྲུབ་ཆེན་བརྒྱད་བྱོན་ནས། བྱིན་རླབས་དང་ལུང་བསྟན་མཛད་དེ། ཁྱད་པར་དུ་ཨིནྡྲ་བྷོ་དྷི་ལས་སེམས་འགྲེལ་སྐོར་གསུམ་གསན་ནོ། དེའི་ཚེ་ན་འདི་སྐད་གསུངས་སོ། །

ན་མོ་གུ་རུ་བྷྱཿ

ནམ་མཁའི་མདོག་ཅན་ཆོས་སྐུ་རྡོ་རྗེ་འཆང་། །

འགྱིང་བག་རུས་རྒྱན་རྡོ་རྗེ་དྲིལ་བུ་འཛིན། །

མཁའ་སྤྱོད་དཀར་དམར་མཁའ་འགྲོ་ཡུམ་དང་བཅས། །

ཕ་མཆོག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །

 

ཀུར་གུམ་མདངས་ལྡན་ཀླུ་སྒྲུབ་འཛམ་གླིང་རྒྱན། །

ནགས་ཀྱི་ལྷ་མོས་འཆི་མེད་བདུད་རྩི་ཕུལ། །

དངོས་གྲུབ་བརྙེས་ནས་གཞན་དོན་རྒྱུན་མི་འཆད། །

མཁས་མཆོག་གྲུབ་ཆེན་ཞབས་ལ་གསོལ་བ་འདེབས། །

 

ཨིནྡྲ་བྷུ་ཏི་ལྗང་སྔོན་དུ་བའི་མདོག །

རྒྱལ་རིགས་སྤྱོད་པ་ཨོ་རྒྱན་གནས་སུ་བཞུགས། །

སྲས་དང་ལྷན་ཅིག་མཁའ་སྤྱོད་ཞིང་དུ་གཤེགས། །

གསང་སྔགས་བསྟན་འཛིན་ལ་གསོལ་བ་འདེབས། །

 

རྒྱལ་བའི་མཆོག་ཊྃ་བི་ཧེ་རུ་ཀ །

སྨུག་ནག་གཅེར་བུས་རྫུ་འཕྲུལ་སྟག་ལ་ཞོན། །

གདིང་བ་བཏིང་ནས་ཆུ་བོ་གངྒཱ་བརྒལ། །

རྫུ་འཕྲུལ་དབང་ཐོབ་ཞབས་ལ་གསོལ་བ་འདེབས། །

 

བྲམ་ཟེ་ཆེན་པོ་དཔལ་ལྡན་སཱ་ར་ཧཱ། །

གསེར་མདོག་ཉོན་མོངས་འབིགས་མདའ་སྤྱོད་ཅིང་། །

དཔལ་གྱི་རི་ཡི་གནས་སུ་ནམ་མཁར་གཤེགས། །

རླུང་སེམས་དབང་ཐོབ་ལ་གསོལ་བ་འདེབས། །

 

གྲུབ་ཆེན་རས་མའི་མདོག་ཅན་དྲིལ་བུ་པ། །

ཡུམ་སྲས་འཇའ་གུར་འཁྱིལ་བའི་འོད་ལམ་དུ། །

རྡོ་རྗེ་དྲིལ་བུ་བསིལ་ནས་ནམ་མཁར་གཤེགས། །

མཁའ་སྤྱོད་དབང་ཐོབ་ཞབས་ལ་གསོལ་བ་འདེབས། །

 

ཀར་ཤམ་མདོག་ཅན་དཔལ་ལྡན་ཀུ་ཀུ་རི། །

མྱོས་བྱེད་མཁའ་འགྲོ་ཁྱི་གཟུགས་བཾ་ནས་རོལ། །

དངོས་གྲུབ་བརྙེས་ནས་ཐོག་མེད་མཁ་ལ་གཤེགས། །

གྲུབ་ཆེན་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །

 

དུད་ཁའི་མདངས་ལྡན་རྒྱལ་སྲས་ལུ་ཧཱི་པ། །

གདུག་པའི་ཉ་ལྟོས་གསོལ་ནས་དངོས་གྲུབ་བརྙེས། །

དགེ་སློང་ཚུལ་འཛིན་འཁོར་བའི་རྒྱ་མཚོ་བརྒལ། །

བརྟུལ་ཞུགས་མཆོག་ལྡན་ཞབས་ལ་གསོལ་བ་འདེབས། །

 

པདྨ་བཛྲ་མདོག་དཀར་ཁྱིམ་པའི་གཟུགས། །

ཤིང་ཏོག་གསོལ་ཞིང་ལམ་མཆོག་བསྒོམ་པར་མཛད། །

རྫུ་འཕྲུལ་སྟག་མོ་བཅིབས་ཏེ་ནམ་མཁར་གཤེགས། །

གདུག་ཅན་འདུལ་མཛད་ཞབས་ལ་གསོལ་བ་འདེབས། །

 

གྲུབ་ཆེན་བརྒྱད་ལ་གསོལ་བ་བཏབ་པའི་མཐུས། །

བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །

གནས་སྐབས་ཀུན་ཏུ་མི་མཐུན་བར་ཆད་སེལ། །

མཐུན་པའི་ལམ་སྣ་ཆོས་ལ་དྲང་དུ་གསོལ། །

 

ཅེས་གྲུབ་ཆེན་བརྒྱད་ཀྱིས་ཞལ་གཟིགས་པའི་དུས་སུ་ཀུན་མཁྱེན་ཆེན་པོས་མཛད་པའོ།། མངྒ་ལཾ།།

 

དོལ་པོ་པ་ཤེས་རབ་རྒྱལ་མཚན།

Eight Mahāsiddhas

This website uses cookies to collect anonymous usage statistics and enhance the user experience.
Decline
Accept