The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Guide to Yumka Dechen Gyalmo Practice—Tibetan

English | བོད་ཡིག

༄༅། །རིག་འཛིན་ཡུམ་ཀ་བདེ་ཆེན་རྒྱལ་མོའི་སྒྲུབ་གཞུང་གི་ཟིན་བྲིས་བདེ་ཆེན་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མེད་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་ཐུགས་སྲས་བརྒྱུད་པ་དང་བཅས་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། སྟོན་པ་རྡོ་རྗེ་འཆང་གིས་གདུལ་བྱ་མཆོག་རྣམས་བདེ་བ་ཆེན་པོའི་ལམ་གྱིས་སངས་རྒྱས་ཀྱི་ས་ལ་མིག་འཕྲུལ་བཞིན་དུ་མྱུར་བར་འཁྲིད་པའི་ཆེད་དུ་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་གཞལ་དུ་མེད་པ་སྤྲུལ་པར་མཛད་པ་ལས། རེ་ཞིག སྡོམ་འབྱུང་ལས། འཛམ་བུའི་གླིང་པ་གཙོ་བོ་མཆོག ཡུལ་གྱི་དབུས་སུ་སྐྱེས་པ་དེ། །ཞེས་སོགས་གསུངས་པའི་འཛམ་བུའི་གླིང་འདིའི་ཡུལ་དབུས་ཀྱི་ལྟེ་བ་རྡོ་རྗེ་གདན་ནས་དཔག་ཚད་བརྒྱ་ཕྲག་གིས་སླེབས་པའི་ཡུལ་བོད་ཅེས་གྲགས་པ་འདིར་ཡང་། འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་སྐུ་མི་རྗེ་ཁྲི་སྲོང་ལྡེའུ་བཙན་དང་། ཚེ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔར་འགྱུར་ངེས་པ་ཉང་བན་ཏིང་འཛིན་བཟང་པོ་སོགས་སྐལ་བ་རབ་མཆོག་དང་ལྡན་པའི་འབངས་རིགས་མང་པོ་དང་། གསུང་རྡོ་རྗེ་འོད་དཔག་མེད་གྲུབ་པའི་རིག་འཛིན་གྱི་རྣམ་པར་དངོས་སུ་བྱོན་པ་བདེ་ཆེན་པདྨཱ་ཀ་ར་ལ་སོགས་པ་སངས་རྒྱས་ཀྱི་ས་ལ་བཞུགས་པའི་བླ་མཆོད་དང་། བདེ་མཆོག་གི་མ་མོ་བཅུ་གཉིས་འཇིག་རྟེན་སྨན་མོའི་ནང་དུ་སྐྱེ་བ་ཞེས་པ་བསྟན་མ་བཅུ་གཉིས་ལ་སོགས་པའི་ཡུལ་ལྷ་རྣམས་ཞལ་འཛོམས་སུ་བཞུགས་པས་མཚོན་སྣོད་བཅུད་ཀྱི་རྟེན་འབྲེལ་ཐམས་ཅད་ཕུན་སུམ་ཚོགས་པའི་དུས་སུ་མོན་མོ་བཀྲ་ཤིས་ཁྱེ་འདྲེན་དང་ཤེལ་དཀར་བཟའ་རྡོ་རྗེ་མཚོ་སོགས་གྲུབ་པའི་རྣལ་འབྱོར་མ་མང་དུ་བྱོན་པ་ལས་རྒྱལ་མཚན་གྱི་ཏོག་ལྟར་རྩེ་མོ་གྱུར་པ་ནི་མཁར་ཆེན་རྒྱལ་པོའི་རིགས་སུ་འཁྲུངས་པའི་ཇོ་མོ་ཡེ་ཤེས་མཚོ་རྒྱལ་ཡིན་ཏེ། འདི་ནི་པདྨའི་རིགས་དང་ལས་ཀྱི་རིགས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་མ་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། མཁའ་འགྲོ་མ་རི་རབ་ཀྱི་རྡུལ་སྙེད་རྣམས་ཀྱི་རྩ་བའི་སྤྲུལ་གཞི་རྒྱལ་ཡུམ་རྡོ་རྗེ་ཕག་མོ་དངོས་ཡིན་པར་བདེ་སྙིང་གཏེར་བུམ་ལས། ཆུ་སྐྱེས་ཞལ་གྱི་གེ་སར་ལས༔ ༼བྱུང་བའི་ལྷ་མོ་མྱུར་དཔའ་སྒྲོལ༔ གངས་རིའི་ཁྲོད་ན་མི་མོའི་ཚུལ༔ ཕྱི་ལྟར་དབྱངས་ཅན་མཚོ་རྒྱལ་མ༔ ནང་ལྟར་རྗེ་བཙུན་སྒྲོལ་མ་དངོས༔༽ གསང་བ་རྡོ་རྗེ་ཕག་མོ་ཡིན༔ ཞེས་གསུངས་ལ། རཏྣའི་མཚོ་རྒྱལ་སྐོར་གསུམ་དང་། རྒྱལ་དབང་རྡོ་རྗེ་ཐོགས་མེད་ཀྱི་དག་སྣང་རྒྱ་ཅན་སྐོར་སོགས་དུ་མ་ལས་ཀྱང་གསུངས་སོ། །དེར་མ་ཟད་བླ་མ་དྲི་མ་མེད་པའི་ཡུམ་དང་། ཨོ་རྒྱན་མཁའ་འགྲོ་ཡོངས་ཀྱི་གཙོ་མོར་བཀའ་གདམས་གླེགས་བམ་རིན་པོ་ཆེར་གསུངས་ཤིང་། གཞན་དུ་མཁའ་འགྲོ་ཀུན་དགའ་མོ་དང་ཉི་ཟླ་དངོས་གྲུབ་ཅེས་ཀྱང་གྲགས་པ་གསང་བ་ཡེ་ཤེས་ཀྱང་འདི་ཉིད་ལས་གཞན་དུ་མེད་པར་ལྔ་པ་ཆེན་པོའི་རྒྱ་ཅན་ལས། ཁོ་མོ་ཨོ་རྒྱན་ཡུལ་གྱི་མཁའ་འགྲོའི་གཙོ། །གསང་བ་ཡེ་ཤེས་མེ་ཏོག་མནྡྷ་ར། །བོད་ཀྱི་ཡུལ་འདིར་མཁར་ཆེན་བཟའ་རུ་གྲགས། །རྔ་ཡབ་གླིང་དུ་པདྨ་ཐོད་ཕྲེང་གི། །ཟག་མེད་བདེ་བ་སྐྱོང་བའི་བཙུན་མོ་ཡིན། །ཞེས་སོགས་ལན་དུ་མར་གསུངས་ཏེ། དེར་ལྷ་ལྕམ་མནྡྷ་ར་ཡང་གསང་ཡེ་དང་གཅིག་པར་གསུངས་པ་འདི་བཞིན་བླ་མ་དགོངས་འདུས་ཀྱིའང་གོང་འོག་ཏུ་ཀུན་ཏུ་གསུངས། ཀུན་མཁྱེན་ཆེན་པོས་མཁའ་འགྲོ་ཡང་ཏིག་ལས་ཀྱང་། ཨོ་རྒྱན་ཡུལ་གྱི་ཕོ་བྲང་དུ། །མཁའ་འགྲོ་དཔག་མེད་ཀུན་གྱི་གཙོ། །ཡེ་ཤེས་མཚོ་རྒྱལ། ཞེས་དང་། མཁའ་འགྲོ་འབར་བའི་སྤྲིན་ཕུང་ལས། །དངོས་གྲུབ་བདུད་རྩིའི་ཆར་འབེབས་ཤིང་། །བདེ་ཆེན་རྒྱལ་བ་མཉེས་མཛད་ཡུམ། །མཁར་ཆེན་མཚོ་རྒྱལ་ལ་ཕྱག་འཚལ། །ཞེས་གསུངས་པའི་ལུང་སྔ་མའང་གསང་ཡེར་སྟོན་བྱེད་དུ་སྦྱར་ན་གོང་སྨོས་དང་མཐུན་ཅིང་། ཕྱི་མའི་རྐང་པ་གསུམ་པས་ཨོ་རྒྱན་དང་རྒྱ་གར་དང་བོད་དང་རྔ་ཡབ་གླིང་ཀུན་ཏུ་པདྨ་རྒྱལ་པོའི་བཙུན་མོའི་གཙོ་མཆོག་ཏུ་བསྟན་པར་འཆད་ནུས་སོ། །གཞན་ཡང་ཐུགས་རྗེ་ཆེན་པོའི་ཡུམ་ཡི་གེ་དྲུག་མ་ཡང་གསང་ཡེར་གཏེར་ཕྱོགས་རྩོད་བྲལ་ཀུན་ནས་གསུངས་པ་དང་། འཇམ་དཔལ་རྩ་རྒྱུད་ཀྱི་སྒྲོལ་མའི་ཐད་དུ། སྟོབས་བཅུ་ལྡན་སྲས་ཐུགས་རྗེ་ནི། །བུད་མེད་གཟུགས་འཆང་ལྷ་མོ་ཡིན། །ཞེས་སོགས་འབྱུང་བ་དང་། སྒྲོན་གསལ་དུ་གཉིས་མེད་རྣམ་རྒྱལ་དྲངས་པ་ལས། འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། །ཞེས་གསུངས་པ་བསྒྲིགས་ན་ཤཱཀྱའི་རྒྱལ་པོའི་ཡུམ་སྒྱུ་འཕྲུལ་ཆེན་མོ་དང་ཡང་གཅིག་པར་མངོན་ལ། སྒྱུ་འཕྲུལ་ཆེན་མོ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ན་སངས་རྒྱས་འབྱུང་བ་ཡོད་དོ་ཅོག་གི་སྐྱེད་ཡུམ་གཅིག་པུར་སྡོང་པ་བཀོད་པ་ལས་གསུངས། དེ་ལྟ་བུའི་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ་འདིས་ཕྱོགས་འདིའི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བའི་སློབ་དཔོན་ཆེན་པོ་པདྨའི་སྤྱན་སྔར་གསང་སྔགས་ཀྱི་ཆོས་འཁོར་ཚད་མེད་པ་སྐོར་བར་གསོལ་བ་བཏབ་ཅིང་བཀའི་བསྡུ་བ་མཛད། དེ་རྣམས་ཀྱི་གླེགས་བམ་རྒྱུན་མི་ནུབ་པའི་ཆེད་དུ་མི་དང་མི་མིན་དང་འབྱུང་བའི་གནོད་པས་མི་བརྫི་བའི་གཏེར་ཁ་གྲངས་མེད་པར་བཞུགས་སུ་གསོལ་ནས། བྱིན་ཪླབས་ཀྱི་བརྒྱུད་པ་མི་འཆད་པའི་ཆེད་དུ་རྗེ་འབངས་སོ་སོའི་ལས་འཕྲོ་དང་དུས་བབས་ཀྱི་སྐལ་པ་བཞིན་དུ་འབྱུང་བར། སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག །ཅེས་སྨོན་ལམ་གཏད་རྒྱ་མཛད་དེ་རྡོ་རྗེ་ཐེག་པའི་བསྟན་པའི་སྲོག་རྩ་བཟུང་བ་ཐམས་ཅད་འདི་ཉིད་ལ་ཐུག་པར་གཏེར་གཞུང་སོ་སོའི་གཤམ་དུ་བལྟས་པས་ཤེས་ཤིང་། རཏྣའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང་༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔༼མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས༔༽ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་དང་འདྲ༔ ཞེས་སོགས་ཀྱང་འདིའི་གསུང་ཡིན་ལ། སླད་ནས་ཉང་རིན་པོ་ཆེར་ས་གཏེར་དང་། རིག་འཛིན་འཇིགས་མེད་གླིང་པར་དགོངས་གཏེར་གྱི་གླེགས་བམ་དངོས་སུ་བསྩལ་བས་མཚོན་གཏེར་སྒོ་འབྱེད་པ་དང་། ཀུན་མཁྱེན་ཆེན་པའི་མཐོང་སྣང་འོད་འདྲ། སྨིན་གཏེར་གཏེར་འབྱུང་ཆེན་མོ་སོགས་མང་། བཀའ་རྒྱ་འགྲོལ་བ་སོགས་ཀྱང་དངོས་བརྒྱུད་ཅི་རིགས་ནས་འདིའི་མཛད་ཕྲིན་ཁོ་ན་གཙོ་ཆེའོ། །དེའི་རྒྱུ་མཚན་ཡང་འདུལ་བ་ལུང་དུ་ཁྱིམ་བདག་གི་ཆུང་མས་ཇོ་བོ་ལ་རྗེའི་སྲས་ཁྱོད་ཀྱིས་བཙལ་ཞིང་། ཁོ་མོས་བསགས་ན་ཁྱིམ་འདི་རིང་པོར་མི་ཐོགས་པར་འབྱོར་ཞིང་རྒྱས་པར་འགྱུར་ཞེས་སྨྲས་ཚུལ་གསུངས་པ་ལྟར་འཇིག་རྟེན་ན་ལོངས་སྤྱོད་ཀྱི་གཞི་འཛིན་བུད་མེད་ཀྱིས་བྱེད་པའི་ཚུལ་བཞིན་ཆོས་འཛིན་ཅིང་གསོག་པའི་གཟུངས་རྣམས་སྔགས་སུ་ལྷའི་རྣམ་པར་འཕྲུལ་ཚེ་ལྷ་མོའི་གཟུགས་སུ་མཛད་པས་གཟུངས་མ་དང་གཟུངས་དཀྱིལ་སོགས་སུ་བརྗོད་དེ། དེས་ན་སྒྱུ་འཕྲུལ་རྒྱས་པའི་གདམས་གཏད་དུའང་། དེ་ཡི་གཟུངས་ལ་གཏད་པ་ནི། །ཞེས་སོགས་འབྱུང་། དེའི་ཕྱིར་མཆོག་བརྙེས་རིག་འཛིན་ཐམས་ཅད་བྱིན་ཪླབས་ཆེ་མཉམ་ཡིན་ཡང་བཀའ་བབས་ཀྱི་ཁྱད་པར་ཐ་དད་བསྟན་ཆོག་པས་གསང་སྔགས་ཀྱི་ཆོས་མཛོད་ཆུད་མི་ཟ་བའི་ཐབས་སུ་གཏེར་བརྒྱུད་ཀྱི་གཞི་རྩ་འཛུགས་པ་ལ་གཟུངས་ཀྱི་རྡོ་རྗེའི་ལྷ་མོ་འདི་རྗེ་འབངས་རིག་འཛིན་གཞན་གང་ལས་ཀྱང་ཆེས་ཁྱད་པར་འཕགས་སོ། །མཁར་ཆེན་བཟའ་ཞེས་པའི་མཚན་དང་རྣམ་འགྱུར་འདི་རྡོ་རྗེ་ཕག་མོ་རེ་ཞིག་ཡོངས་དག་གི་ལྷའི་གཟུགས་སུ་མི་མཐོང་བ་རྣམས་ཀྱི་དོན་དུ་ཆེས་ཆེར་བསྟན་པས་ཕག་མོའི་རྣམ་འགྱུར་གཞན་ལས་སྒྲུབ་ཆེས་སླ། དེ་ལས་ཀྱང་བོད་ཀྱི་འགྲོ་བའི་དོན་དུ་གདུང་དང་ཆོ་འབྲང་དང་ཆ་བྱད་སོགས་འདི་ལྟར་ཆེད་དུ་བཟུང་ནས། ཁོ་མོ་རྔ་ཡབ་དཔལ་རིའི་རྩེ་མོ་ནས། །པུར་རྒྱལ་བོད་ཀྱི་འགྲོ་བ་སྐྱོབ་ལ་བརྩོན། །ཞེས་རྒྱ་ཅན་ལས་གསུངས་པ་ལྟར་འཛམ་གླིང་འདི་ཀ་ལས་མི་རིང་བའི་ལང་ཀའི་གྲོང་དབུས་ཀྱི་རིག་འཛིན་གྱི་ཞིང་ཁྱད་པར་ཅན་ན་སྔོན་གྱི་སྐུ་རགས་པ་དེ་ཉིད་མ་བོར་བར་བོད་ཀྱི་སེམས་ཅན་ལ་དུས་གསུམ་དུ་གཟིགས་བཞིན་པ་ཡིན་པས་རང་ཅག་བོད་མིས་བསྒྲུབ་ན་རྒྱ་ཧོར་སོགས་ཀྱིས་བསྒྲུབ་པ་དང་མི་འདྲ་བར་འགྲུབ་ཐག་ཤིན་ཏུ་ཉེ། དེ་ལས་ཀྱང་མྱུར་ལམ་གསང་བ་བླ་མེད་ཀྱི་ཕྲིན་ལས་མཆོག་གིས་རྗེས་སུ་འཛིན་ཆེད་དུ་བྱོན་པས་བྱིན་ཪླབས་ཚན་ཆེ་ལ་རྣོ། བོད་ལ་བྱེ་བྲག་ཏུ་དགོངས་པའི་གུ་རུའི་སྒྲུབ་ཐབས་རྣམས་སུ་དཀྱིལ་འཁོར་གྱི་གཙོ་མོ་འདིས་མཛད་པ་ཆོས་དབང་དང་རཏྣའི་གསང་འདུས། རྡོར་གླིང་བཀའ་འདུས་། འབྲི་གུང་དགོངས་ཟབ། གྲོལ་ཐིག་ལམ་རྒྱས་འབྲིང་སོགས་མཐའ་ཡས་མང་ཞིང་། ཇོ་མོ་ཉིད་ཀྱི་སྒོས་སྒྲུབ་མང་དུ་བཞག་པ་རྣམས་ཀྱང་བོད་ཀྱི་སྒྲུབ་བརྩོན་རྣམས་རྗེས་སུ་འཛིན་ཆེད་དུས་འདེབས་ཀྱི་ཕྲིན་སྤྲིང་བ་ལྟ་བུ་ཡིན། ཐད་ཀ་ཐད་ཀའི་དུས་དང་འཚམས་པར་རྫས་ཆོས་དྲག་སྔགས་ཀྱི་གཏེར་ཁ་སྤྱི་དང་བྱེ་བྲག་ཇོ་མོ་རང་གི་སྒྲུབ་ཐབས་དང་སྐུ་ཚབ་ཕྱག་བྲིས་གཏེར་དཔེ་སྒྲུབ་རྫས་སོགས་ཤིན་ཏུ་མང་བ་འབྱོན་བཞིན་པ་དང་། ད་དུང་ཡང་འབྱོན་པར་འགྱུར་བའང་གཏེར་ལུང་སོགས་ཁུངས་ལྡན་དུ་མ་ལས་ཤེས་ཏེ། འདི་དག་ནི་རྣལ་འབྱོར་དབང་མོ་འདིའི་སྔགས་དང་སྒྲུབ་ཐབས་རྣམས་བརྩོན་པས་སྒྲུབ་ནུས་ན་དུས་ངན་འདི་འདྲར་ཡང་བྱིན་ཪླབས་ཀྱི་རྣོ་སོ་མ་ཉམས་ཤིང་དངོས་གྲུབ་ཐོགས་མེད་དུ་འབྱུང་བའི་དོན་རྟགས་ཆེན་པོའོ། །དེའང་གངས་ཅན་གྱི་ལྟེ་བར་བོད་མོ་པདྨ་ཅན་མཆོག་གི་གཟུགས་ཀྱིས་བཞུགས་ཚེ་ཡེ་ཤེས་མཚོ་རྒྱལ་དང་། དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་རིག་འཛིན་རྒྱལ་མོའི་རྣམ་པར་བཞུགས་ཚེ་དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ། དཔལ་རིའི་ཉེ་འཁོར་སྲིན་ཡུལ་གྱི་ཁ་གནོན་དུ་བཞུགས་ཚེ་མཁའ་འགྲོ་མཐིང་འོད་འབར་མ་ཞེས་གྲགས་ཀྱང་དོན་དུ་མཁར་ཆེན་བཟའི་སྐུ་གཅིག་པོ་དེ་ཉིད་ཀྱི་རྣམ་འགྱུར་ལ་བཏགས་པར་ཟད་པས་ཐམས་ཅད་མཚོ་རྒྱལ་རང་ཡིན་ནོ། །སྒྲུབ་ལུགས་ཀྱི་དབང་དུ་བྱས་ན། ཆོས་དབང་གི་མཚོ་རྒྱལ་གཙུག་རྒྱན་མར་ལྷ་མོ་སྒྲོལ་མའི་ངོ་བོར་གསུངས་ཀྱང་དེའི་རྣམ་པར་སྒྲུབ་ལུགས་མ་གསུངས། རཏྣའི་མཚོ་རྒྱལ་སྐོར་གསུམ་དུ་ཕྱི་མཚོ་རྒྱལ། ནང་སྒྲོལ་མ། གསང་བ་ཁྲོས་ནག་ལྟར་སྒྲུབ་ལུགས་སོ་སོར་མཛད། ལྔ་པ་ཆེན་པོའི་རྒྱ་ཅན་དུ་སྒྲུབ་དུས་ཀུན་འདུས་ནོར་བུའི་ལུགས་མཚོ་རྒྱལ་ཁོ་ན་དང་། དབང་བསྐུར་དུས་ཕྱི་ནང་གསང་གསུམ་གནས་སྒྱུར་དུ་བྱ་ཚུལ། ཆོས་རྗེ་གླིང་པའི་གཏེར་ཁར་མཚོ་རྒྱལ་ཁྲོས་ནག་ཏུ་སྒྲུབ་ཚུལ་སོགས་ཡོད་ཀྱང་། འདིར་སྦྲག་སྒྲུབ་ཏུ་གསུངས་ཏེ། བསྙེན་དུས་ཐུན་མིན་མཆོག་སྒྲུབ་ལ་ཟབ་པ་རྡོ་རྗེ་ཕག་མོ་དང་སྦྲག་པས་འོད་གསལ་བསམ་མི་ཁྱབ་ཀྱི་ཡེ་ཤེས་བཙན་ཐབས་སུ་འབེབས་པ་དང་། ཕྲིན་ལས་ཁ་སྒྱུར་དུས་ཐུན་མོང་ལས་སྒྲུབ་ལ་མྱུར་བ་འཕགས་མ་སྒྲོལ་མ་དང་སྦྲག་པས་སྣ་ཚོགས་ལས་ཀྱི་དངོས་གྲུབ་ཐོགས་མེད་དུ་བྱེད་པ་དང་། དབང་ལེན་དུས་ཕྱི་ནང་གསང་གསུམ་སྦྲགས་ནས་བསྐུར་བས་གསུམ་ཀའི་དབང་བཀའ་དུས་གཅིག་ལ་རྫོགས་པའི་ཆེ་བ་དང་ལྡན་པར་ནང་སྒྲུབ་ཀྱི། བསྙེན་པ་དབྱིངས་ཀྱི་ཡུམ་ལ་བྱ༔ སོགས་དང་། དབང་གཞུང་གི། ཆོ་ག་གཅིག་གིས་བྱིན་ཪླབས་དང་༔ སོགས་ཀྱིས་བསྟན་ཏོ། །དེ་དག་ནི་ཤས་ཆེར་པདྨའི་རིགས་ཀྱི་རྒྱལ་མོར་ངེས་པ་གཞིར་བཞག་གི་སྟེང་ནས་བཤད་ལ། འདི་ཉིད་ཀྱི་གནས་ལུང་ལས། པདྨ་རིགས་ཀྱི་མཁའ་འགྲོ་བདེ་ཆེན་ཡེ་ཤེས་ཀྱི་རྒྱལ་མོ། ཞེས་དང་། ཉང་གཏེར་ཕག་མོ་དམར་ནག་གི་གཞུང་གཉིས་དང་མཁའ་འགྲོ་སྙིང་ཐིག་ལས་མཁར་ཆེན་བཟའ་རྟ་ཕག་པདྨའི་རིགས་ཀྱི་བཀའ་བབས་མཆོག་ཏུ་གསུངས་པ་སོགས་པདྨའི་རིགས་སུ་བཤད་པ་གཞན་ཡང་ཡོད་དེ། ཤ་འུག་གཏེར་བྱོན་གར་ཚེ་ལས། ལྷ་གཞན་བསྒྲུབ་ཀྱང་ང་ཉིད་བསྒྲུབ་པ་སྟེ༔ བཟང་ངན་ཕྱོགས་རིས་འདི་ཞེས་དབྱེ་བ་མེད༔ འོན་ཀྱང་སྔོན་གྱི་སྨོན་ལམ་ཁྱད་པར་གྱིས༔ པདྨའི་རིགས་སུ་བསྒྲུབ་ན་དངོས་གྲུབ་མྱུར༔ ཕྲིན་ལས་མཐའ་རྒྱས་གཞན་སྣང་དབང་དུ་འདུ༔ འགལ་རྐྱེན་མི་འབྱུང་བྱང་ཆུབ་གོ་འཕང་ཉེ༔ ཞེས་འབྱུང་བའང་ཨོ་རྒྱན་ཡབ་ཡུམ་གཉིས་ཆར་ལ་འདྲ་བར་སྣང་ངོ་། །བཀའ་བརྒྱད་ཀྱི་ལོ་རྒྱུས་རྣམས་སུ་འཕགས་ཡུལ་རིག་འཛིན་བརྒྱད་ལས་གུ་རུ་རིན་པོ་ཆེ་དང་། བོད་ཀྱི་རིག་འཛིན་བརྒྱད་ལས་མཚོ་རྒྱལ་གཉིས་ཕྲིན་ལས་ཕུར་བུའི་བཀའ་བབས་ཀྱི་གཙོ་བོར་བཞག་པ་མང་སྟེ། རིགས་ལྔ་རིགས་གསུམ་དུ་སྡུད་ཚེ་ལས་རིགས་པདྨའི་རིགས་སུ་བསྡུ་བ་དང་། སྒྲོལ་མའི་སྐུ་མདོག་དང་ཕྱག་མཚན་ཨུཏྤ་ལའི་དེ་ཉིད་སངས་རྒྱས་གསང་བས་སྤྱོད་རྒྱུད་ཀྱི་འགྲེལ་པར་བཤད་པ་དང་། བླ་མེད་རྒྱུད་སྡེར་དོན་གྲུབ་ཀྱི་རིགས་ཀྱི་གཙོ་བོ་སྒྲོལ་མར་བཤད་པའི་རིགས་པས་དེའང་ནང་སྒྲུབ་ཀྱི་ཐད་དུ་དྲན་ན་ལེགས་པར་སེམས་ཏེ། འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ལྷ་སྲིན་གདུག་པས་བཟུང་བའི་ཡུལ་ཁམས་འདི་ལྟ་བུར་གསང་སྔགས་བསྒྲུབ་ན་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་གཉིས་ཆར་གྱི་རྣོ་སོ་འདི་འདྲ་ཞིག་ལ་བརྟེན་པ་གཅེས་སོ། །དེ་ལྟར་ན་དེ་དག་གིས་ངེས་པ་སྐྱེ་བའི་ཡན་ལག་ཏུ་ལོ་རྒྱུས་སྐོར་ཕྱོགས་ཙམ་སྨོས་ཏེ། གཏམ་རྒྱུད་དུ་བཤད་པ་ནི་མིན་ནོ། །དབང་ཆོག་ཐད། འདི་ནི་དབང་བཞི་བྱིན་ཪླབས་ཀྱི་ལུགས་སུ་བསྐུར་བ་ཞེས་བྱ་བ་དེ་ཡིན་པས་སྔོན་དུ་ཞི་ཁྲོ་ངན་སོང་སྦྱོང་བ་དང་། དཔལ་འདུས་གང་རུང་གི་དབང་རྒྱས་པ་མ་ཐོབ་པར་བསྐུར་མི་རུང་བར་གསུངས་པ་གལ་ཆེ། ཤོམས་ཀྱི་སྐབས་སུ། སིན་དཀྱིལ་གྱི་མེ་ལོང་ནི། འཁར་བའི་མེ་ལོང་དགོས་ཏེ། གཤའ་ཚེ་དང་ཟངས་སྦྱར་བ་འདི་ལ་ཁམས་དམར་གྱི་འདུ་འཕྲོད་ལས་བྱུང་བའི་བདེ་བའི་དེ་ཉིད་རྒྱ་ཆེར་བཤད་པ་རྒྱ་གཞུང་ན་ཡོད། དེ་ལ་གཏེར་གཞུང་ལས་གཤེགས་མ་ལྔའི་ས་བོན་འབྲི་བར་གསུངས་ཀྱང་། བདག་འཇུག་ན་ཏཱཾ་དང་ཧ་རི་ནི་ས་འགོད་པར་གསུངས་པ་གདམ་ང་ཡིན་ནམ་སྔ་མའི་གཤེགས་མ་བཞིའི་ས་བོན་ཡང་བདག་འཇུག་ལྟར་དགོངས་པ་ཡིན་དཔྱད་དགོས། ཕྱོགས་བཞིའི་དགའ་འཁྱིལ་ཆོས་འབྱུང་གི་གྲར་འགོད་པའི་ལག་རྒྱུན་ཡང་འདུག་མོད། གྲ་བཞིའི་ཚིག་ཟིན་མི་སྣང་བས་དགའ་འཁྱིལ་ལྔ་ཀ་ཆོས་འབྱུང་གི་ལྟེ་བར་འགོད་པའི་ཕྱག་བཞེས་ལེགས་པར་སྣང་། གཞན་ཕལ་ཆེར་དཀྱུས་ན་གསལ། དངོས་གཞིའི་དབང་གི་ཐོག་མར་དབང་ལྷ་སྤྱན་འདྲེན་གྱི་གསལ་ཁ་མ་བྱུང་ཞིང་། ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། ཞེས་པ་ནམ་མཁར་བཞུགས་པའི་དབང་ལྷ་ལ་གསོལ་གདབ་ཀྱི་ཚིག་ཏུ་ཡང་མངོན་པས་སྐད་ཅིག་དེ་ལ་གདན་གསུམ་ལྷའི་དཀྱིལ་འཁོར་ནམ་མཁའ་གང་བར་སད་པར་བལྟས་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་བུམ་ཆུས་དབང་བསྐུར་སོགས་ཀྱི་སྤྱི་ཁྱབ་ལྟར་དང་བཅས་དཀྱིལ་འཁོར་གཙོ་མོས་ཐོད་བུམ་གྱིས་དབང་བསྐུར་བར་མོས་ན་ཕྱོགས་མཐུན་གྱི་གཞུང་གི་ཁུངས་སོགས་དང་འབྲེལ་བས་འཐད་དམ་སྙམ། བུམ་དབང་གི་སྐབས་ཐོད་བུམ་སྤྱི་བོར་བཞག་ཅིང་བུམ་བཅུད་བྱིན་ཏེ་སླར་དཀྱིལ་འཁོར་དུ་བཀོད། གསང་དབང་གི་དུས་སུ་དེ་ཉིད་བླ་མ་ཡབ་ཡུམ་གྱི་བྱང་སེམས་སུ་དམིགས་ནས་སྟེར་བར་གསུངས་པའི་ཐད་དུ་བླ་མའི་སྐུ་ལས་བྱང་སེམས་ཀྱི་རྒྱུན་བབས་པ་གཙོ་མོའི་དབུ་གཙུག་ནས་ཞུགས། སྐུའི་དབྱིབས་བརྒྱུད། གསང་བའི་པདྨོར་འཁྱིལ་བ་རོ་འཛིན་གྱིས་དངོས་སུ་བླང་བར་མོས་པ་དང་། བླ་མ་ཡབ་ཡུམ་ཞལ་སྦྱོར་གྱིས་སྙོམས་འཇུག་མཛད་པའི་བདུད་རྩི་དེ་བཞིན་བླང་བར་མོས་པ་གང་བྱས་ཀྱང་འགལ་བ་མ་མཐོང་། འདི་དུས་སླར་ཡང་ཐོད་བུམ་ཉིད་མགྲིན་པར་གཏུགས་ཤིང་བདུད་རྩི་བླུད། དབང་གསུམ་པར། སློབ་མ་དཔའ་བོའི་ང་རྒྱལ་དུ་འཕོ་དགོས་པ་འདྲ་བས་རིགས་བདག་ཨ་ཙཱ་རྱའི་རྣམ་པར་བསྒྱུར། ཛཿཧཱུྃ་བྃ་ཧོའི་དུས་དབང་རྟེན་གྱི་ལྷ་མོ་སློབ་མའི་པང་བར་བྱོན་ཏེ་འཁྱུད་སྡོམ་སོགས་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་པར་བསམ་ལ། སིན་དཀྱིལ་དྲིལ་བུ་བཅས་ལག་གཡོན་དུ་གཏད། ཨ་ཧོ་མ་ཧཱ་སུ་ཁའི་དུས་ཕྱག་རྒྱ་ལས་བྱུང་བའི་དགའ་བཞིའི་མཐའི་ལྷན་སྐྱེས་ཀྱི་རྟོགས་པ་ཐོབ་པར་བསམ་ལ། སིན་དྷུ་ར་སྙིང་གར་བྱུག དེ་དག་བྱེད་པའི་སློབ་དཔོན་གྱི་ཕྱག་ནི་གཡོན་པ་ཁོ་ནའོ། །དབང་བཞི་པར། དཔེའི་ལྷན་སྐྱེས་དེའི་སྐྱེལ་སོ་རྟེན་མེད་ཀྱི་རིག་པ་རྣམ་ཐར་སྒོ་གསུམ་གྱི་དབྱིངས་སུ་འདྲེས་པའི་དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དགོངས་པ་མཐར་ཐུག་ངོ་སྤྲད་པར་བསམ་ལ། དྲིལ་བུ་ནམ་མཁར་དཀྲོལ་ཞིང་དེའི་སྒྲ་ལ་རིག་པ་གཏད་དུ་བཅུག །དམ་ཚིག་སྐབས། མར་ངོ་ཚེས་བཅུའི་མཆོད་པ་བྱ་བའི་དུས་ལ་མཚན་མོ་མཆོག་ཏུ་བསྔགས་ཤིང་། གཞོན་ནུ་མའི་བསྙེན་བཀུར་ནི། ཕག་མོ་ལས་བཅུའི་ནང་ན་གཞོན་ནུ་མའི་མཆོད་པ་རྒྱས་པར་འབྱུང་བ་ལྟར་དང་། དེ་ལྟར་མ་བྱུང་ཡང་བཪྙས་སྨོད་སོགས་སྤོང་བ་ལ་ཕྱོགས་མཐུན་ཚང་ངོ་། །མཆོག་དབང་གསུམ་གྱི་དང་པོའི་དབང་རྫས་མཚོ་རྒྱལ་ཉིད་ཀྱི་མཁའ་ལས་ལེན་པ་དང་། གཉིས་པའི་སིན་དཀྱིལ་གྱི་དབུས་སུ་སྒྲོལ་མའི་ས་བོན་འགོད་པ་དང་། གསུམ་པར་དོན་དམ་དབྱིངས་ཀྱི་ཕག་མོ་ངོ་སྤྲོད་པ་རྣམས་དབང་གཞུང་གི་མཐའི། ཆོ་ག་གཅིག་གིས་བྱིན་ཪླབས་དང་༔ སོགས་དང་བསྒྲིག་རྒྱུ་ཡོད་མེད་དཔྱད།

༈ སྒྲུབ་གཞུང་དངོས་ལ། བགེགས་གཏོར་བསྔོ་བ་དང་མཚམས་གཅོད་སྐྱབས་སེམས་ཀྱི་སྔོན་དུ་བྱ་བ་དང་། དེའི་ཚིག་ཡབ་ཀ་ནས་ལེན་པར་རྭ་སྟོན་འཇིགས་མེད་དགའ་བའི་ཊཱི་ཀ་དང་གྲུབ་རྗེའི་ལས་ཁྲིགས་ལས་བཤད། སྲུང་གུར་འདི་སྒྲུབ་ཐབས་དངོས་གཞིའི་དུས་ཐམས་ཅད་དུ་བར་ཆད་སྲུང་བའི་ཆེད་ཡིན་པས་སྒྲུབ་པ་མ་གྲོལ་བར་དུ་མི་བསྡུ་བ་ལེགས་པར་གོ། །ལྷ་བསྐྱེད་ཀྱི་དང་པོར་ཨཱཿ་ཞེས་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་སེམས་བསྲེ། དེའི་ངང་ལས་སྣང་བ་ཐམས་ཅད་ཅེས་པ་ཕྱི་སྣོད་དང་། སྲིད་པ་ཐམས་ཅད་ཅེས་པ་ནང་བཅུད་དེ་སྣང་སྲིད་དམ་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་མཁའ་འགྲོའི་དཀྱིལ་འཁོར་དུ་སྤྱིར་གསལ་བཏབ། དེའི་རྣམ་པ་ཇི་ལྟ་བུ་སྙམ་ན་རྒྱུ་རྐྱེན་ལས་འདས་མན་ཆད་ཀྱིས་བྱེ་བྲག་ཏུ་བདེ་ཆེན་མཚོ་རྒྱལ་གྱི་ཞིང་སྐུར་དམིགས་ཕུག་ནས་སྒོམ་པ་སྟེ་རྩ་བའི་བསྙེན་ཡིག་དང་རྭ་ཊིཀ་གི་དགོངས་པའང་དེ་ཁོ་ནའོ། །བསྐྱེད་ཆོག་འདི་ནི་དབང་པོ་ཡང་རབ་ཀྱི་སྒྲུབ་པ་པོའི་དབང་དུ་བྱས་པ་སྐྱེ་འཆི་བར་དོ་སྐུ་གསུམ་དུ་འཁྱེར་བའི་གནད་བླ་མེད་ཀྱི་བསྐྱེད་རིམ་གཞན་ལས་ཟབ་ཀྱང་དེ་དག་དང་རྣམ་པ་མཐུན་པར་རིམ་གྱིས་སྒོམ་པའི་ཕྱོགས་ནི་མ་ཡིན་ཏེ། སྟོང་ཆེན་ཀ་དག་གི་ངོ་བོའི་བཞུགས་ཚུལ་དྲན་པ་ཙམ་གྱིས་དེའི་རང་མདངས་སམ་གསལ་ཆ་དྭངས་པའི་མཚོ་ལ་གཟའ་སྐར་རང་ཤར་བ་ལྟར་རྟེན་དང་བརྟེན་པའི་འཁོར་ལོར་ལྷུན་གྲུབ་ཏུ་རྫོགས་པའི་ཚུལ་ཅིག་ཆར་འཇུག་པའི་སྒོམ་ཚུལ་ཡིན་པའི་ཕྱིར་རོ། །དེའང་གཞི་ལ་འཆི་བའི་འོད་གསལ་དུ་འགྱུར་རྒྱུ་དང་འབྲས་དུས་སུ་མཐར་ཐུག་གི་ཆོས་སྐུར་འོང་རྒྱུ་ནི་ངོ་བོའི་དབྱིངས་རྣམ་པར་མི་རྟོག་པ་ཉིད་ཡིན་ཅིང་། གཞི་ལ་ཆོས་ཉིད་བར་དོར་མཆེད་རྒྱུ་དང་འབྲས་དུས་ཡན་ལག་བདུན་ལྡན་གྱི་ལོངས་སྐུར་འཆར་རྒྱུ་ནི་རང་བཞིན་ཡེ་ཤེས་གསལ་མདངས་འགགས་མེད་ཀྱི་ཆ་དང་། གཞི་ལ་སྲིད་པ་བར་དོ་ཕན་ཆད་ཀྱི་འཁྲུལ་པའི་ཡོ་ལང་ཟད་མི་ཤེས་པའི་རྩོམ་གཞི་དང་འབྲས་དུས་སྤྲུལ་སྐུ་ཕྲིན་ལས་དང་བཅས་པར་དག་རྒྱུ་ནི་ཐུགས་རྗེའི་རིག་རྩལ་གཟུང་འཛིན་གྱི་རྣམ་པར་ཤར་བ་སྟེ། དེ་གསུམ་ཀ་ད་ལྟའི་རིག་པ་སྐད་ཅིག་མ་གཅིག་པུ་ལ་ཚང་བར་འདུས་པས་དེ་ཉིད་ཡོངས་སུ་དག་པའི་ལྷ་སྔགས་ཡེ་ཤེས་སུ་གོ་འཕོ་ནུས་ན་དག་རྫོགས་སྨིན་གསུམ་གྱི་གནད་ཐམས་ཅད་མ་ཚང་བ་མེད་ཅིང་། དེ་ལྟར་འཕོ་བའི་གནད་ནི་འདི་ལས་ཟབ་པ་དང་རྣོ་བའི་བསྐྱེད་ཆོག་གཞན་མེད་པ་བརྟགས་པས་ཤེས་སོ། །དེའི་རྒྱུ་རྐྱེན་ལས་འདས་ཞེས་པ་རྒྱུ་བྷྲཱུྃ་ཡིག་སོགས་ས་བོན་དང་། རྐྱེན་བི་ཤྭ་བི་ཤུདྡེ་སོགས་སྐྱེད་སྔགས་ཀྱིས་བསྐྱེད་པ་ལས་འདས་པའི་ལྷུན་གྲུབ་ཏུ་རང་ཤར་བ་ལ་རྭ་ཊཱི་ཀ་ཏུ་བཤད། གཞལ་ཡས་ཁང་གི་ཐད་འདིར། རང་བྱུང་རྡོ་རྗེའི་ཕྱག་བྲིས་ལས་བཤུས་ཟེར་བའི་ཡིག་རྙིང་ཞིག་ན། ཡུམ་ཀའི་དཀྱིལ་འཁོར་ལ་རྟ་བབས་མེད་ཅེས་བཤད་པ་མཐོང་ཞིང་ཀ་བ་དང་ཕ་གུ་སོགས་ཀྱི་རྣམ་བཞག་མཛད་པའང་མི་འདུག་པས་རྭ་ཊཱི་ཀ་ཏུ། ཕྱི་དབྱིབས་ཀུན་ནས་ཟླུམ་ཞིང་། ཞེས་འབྱུང་བ་ལྟར་ཕྱི་རོལ་གྱི་ཕྱོགས་མཚམས་གང་ནས་ཀྱང་བལྟས་ཀྱང་འཇའ་གུར་ཕུབ་པ་ལྟར་ཟླུམ་པའི་འོད་དམར་གྱི་ཁང་པ་ལ། ནང་གི་ཁོང་སྟོང་གི་ཆ་ཟླ་གམ་དམར་པོ་སྒོ་གཅིག་ཁྱུད་འགྲམ་ལོགས་གསུམ་དང་བཅས་པའི་ནང་དབྱིབས་ཚང་བར་བཏོད་པ་ཞིག་ལས་གཞན་མེད་དམ་སྙམ། བདེ་ཆེན་འབར་བའི་ཕོ་བྲང་ནི། གཞལ་ཡས་ཁང་གི་ནང་དུ་ཆོས་འབྱུང་ཕྱི་དཀར་དམར་སྐྱ། ལ་ནང་དམར་བར་བསྣོལ་མ་བྱེད། དེ་དག་གི་མཚོན་དོན་ཡང་། མཐའ་བརྒྱད་ཀྱི་སྤྲོས་པ་དང་རྟོག་པའི་གྲ་ཟུར་གྱི་མཚན་མ་མེད་པའི་ཆོས་སྐུ་ཐིག་ལེ་ཉག་གཅིག་ནི་སངས་རྒྱས་རྣམས་ཀྱི་ཐར་པ་ཆེན་པོའི་གྲོང་ཁྱེར་ཡིན་ཏེ། གཞལ་མེད་ཁང་ཟླུམ་པོ་དང་། ཆོས་ཀྱི་སྐུ་དེ་ཉིད་ཐུགས་རྗེ་ཆགས་པའི་རང་གདངས་ལྡན་པའི་དབང་གིས་ལུས་ཅན་རྣམས་དེར་འདྲེན་ཅིང་དབང་དུ་སྡུད་པས་ནང་དབྱིབས་ཟླ་གམ་དམར་པོ་དང་། ཆོས་ཀྱི་དབྱིངས་སམ་སྟོང་པ་ཉིད་ཁོ་ན་དེ་ལ་འཇུག་པའི་སྒོ་ཡིན་པས་སྒོ་གཅིག །ལྷན་སྐྱེས་ཀྱི་བདེ་བའི་རང་བཞིན་གྱི་ཆོས་འབྱུང་། རྣམ་ཐར་སྒོ་གསུམ་རྣམ་རྟོག་དང་ཡུལ་དང་གཏི་མུག་ལས་འདས་པ་སྟེ་རྣམ་མཁྱེན་ཤིང་རྟ་ལྟར་རོ། ། མཚོན་པས་ཟུར་གསུམ། དཀར་དམར་ཐབས་ཤེས་ཚོགས་པའི་རྟེན་འབྲེལ་ལས་བྱུང་བས་ཕྱི་དཀར་ནང་དམར་བ། མོས་སྤྱོད་ནས་སངས་རྒྱས་སའི་བར་དུ་རྟོགས་པ་གོང་འཕེལ་དུ་རྒྱས་པས་ཁ་གདེང་གཡེལ་བ། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པས་བསྣོལ་མ། ཡེ་ཤེས་དྲུག་གི་ལྡོག་པ་དང་ལྡན་པས་ཟུར་དྲུག་པ་ཞེས་བཤད། དེའང་ཕྱིའི་ཕོ་བྲང་གཙོ་བོར་སྟོང་ཉིད་དང་། ཆོས་འབྱུང་བདེ་བ་མཚོན་བྱེད། དེ་གཉིས་རྣམ་དབྱེར་མེད་པས་རེ་རེ་ལའང་བདེ་སྟོང་གཉིས་ཀའི་རྣམ་དག་ཚང་བ་ཡིན་ཞེས་འཆད་དམ་སྙམ། ཆུ་སྐྱེས་གེ་སར་སོགས་ལ་ཐབས་སྙིང་རྗེ་ཆེན་པོས་འཁོར་བ་ན་གནས་ཀྱང་དེའི་ཉེས་པས་མི་གོས་པས་པདྨ་ལང་ཚོ་རྒྱས་པ། མ་རིག་པའི་མུན་པ་མཐའ་དག་འཇོམས་པའི་ཤེས་རབ་ཉི་མའི་གདན་ནོ། །ཆོས་སྐུའི་ཀློང་ན་སོགས་ནི་ཚོགས་མཆོད་ལས། འོག་མིན་གནས་དང་མཁའ་སྤྱོད་ཞིང་༔ སོགས་ལྟར་འོག་མིན་ན་བཞུགས་པའི་ཞི་ཁྲོ་རིགས་བརྒྱའི་གཙོ་མོ་ཀུན་ཏུ་བཟང་མོ་དང་། རབ་གཏུམ་མ་སོགས་གནས་ཡུལ་གྱི་རྣལ་འབྱོར་མ་རྣམས་ཀྱི་སྤྲུལ་གཞི་མཁའ་སྤྱོད་གཙོ་མོ་རྡོ་རྗེ་ཕག་མོ་དང་། མཚོ་རྒྱལ་རྣམས་ལ་རིམ་བཞིན་སྔ་མ་སྤྲུལ་གཞི་དང་ཕྱི་མ་སྤྲུལ་པ་ཡིན་པས་སྐུ་གསུམ་གྱི་ཐ་སྙད་སྦྱར་བ་སྟེ། བསྙེན་པའི་གནས་སྐབས་ཀུན་ཏུ་དེ་གསུམ་དབྱེར་མེད་པར་ངེས་པ་བརྟན་པོ་བསྐྱེད་དེ། དེའི་སྒོ་ནས་འོག་ཏུ་ལུས་དཀྱིལ་ལ་བཀོད་པའི་ལྷ་རྣམས་ཀྱང་མཚོ་རྒྱལ་གྱི་ཆ་ཤས་སུ་འགྱུར་ཚུལ་དྲན་པར་བྱའོ། །རྭ་ཊཱི་ཀ་ཏུ་ནི། ཆོས་སྐུ་སྤྲོས་བྲལ་ཁོ་ན་ཀུན་ཏུ་བཟང་མོ་དང་། དེ་ཉིད་འོག་མིན་དུ་གཟུགས་སྐུར་བཞེངས་པ་རྡོ་རྗེ་ཕག་མོ་ཞེས་གསུངས་སོ། །གཙོ་མོའི་སྐུ་དག་པ་ནི། ཆོས་ཐམས་ཅད་ཉག་གཅིག་འོད་གསལ་གྱི་ཐིག་ལེར་བསྡམས་པས་ཞལ་གཅིག སྙིང་རྗེ་དང་ཤེས་རབ་ཀྱི་ཕྱག་གཉིས། འདོད་ཆགས་དག་པ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་གསུང་གི་རིགས་ཡིན་པས་སྐུ་མདོག་དམར་བ། སྒྲིབ་གཉིས་ཀྱི་གཡོགས་པ་མཐའ་དག་དང་བྲལ་ཞིང་གང་ལའང་ཉམ་ང་མེད་པས་གཅེར་བུ། སྲིད་ཞིའི་མཐའ་ལ་མི་གནས་པས་ཞབས་གཉིས་མཉམ་པའི་བཞེངས་སྟབས་ལས་འགྲོ་བའི་དོན་མཛད་པའི་བརྡར་ཅུང་ཟད་དོར་སྟབས་ཅན། གདུལ་བྱ་རྗེས་ཆགས་ཀྱི་ལམ་གྱིས་འདུལ་བ་ལ་དགྱེས་པས་ཆགས་ཤིང་བཞད་པའི་ཉམས་ཅན། ཕྱག་གཡས་འཁོར་འདས་ལྟག་པ་སྤྲད་ཀྱང་དེ་ཁོ་ན་ཉིད་ཀྱི་ཁོང་སྦུབས་གཅིག་ཏུ་བསྲེས་པའི་ཐོད་པའི་ཌཱ་མ་རུ་འཁྲོལ་བ་སྟེ། ཉང་གཏེར་ཕག་མོ་ལས། ཐོད་པ་ནི་བདེ་བ་སྐྱོང་བའོ། །ཞེས་གསུངས་པའི་སྟེང་ནས་སོ། །བླ་མ་དགོངས་འདུས་སུ། ཌཱ་མ་རུས་མཁའ་འགྲོའི་སྒྲུབ་རྫས་སུའང་ཐོད་རྔ་མེད་དུ་མི་རུང་ཚུལ་ཆེ་བརྗོད་གཏེར་གཞུང་མང་པོ་གསུངས། སེམས་ཅན་ཐམས་ཅད་མ་རིག་པའི་གཉིད་ལས་སློང་བའི་བླ་མེད་ཐེག་པ་ཆེན་པོའི་ཆོས་སྒྲ་སྒྲོག་པ་ཞེས་གསུངས་ཏེ། ཐེག་ཆེན་ཆོས་སྒྲ་ནི་ལྷན་སྐྱེས་ཀྱི་བདེ་སྟོང་ཟབ་མོའི་རང་སྒྲའོ། །འདིས་མཁའ་འགྲོ་མ་རྣམས་འགུགས་ཚུལ་དགོངས་འདུས་རྣམ་བཤད་དུ་ཁ་སྦྱོར་ཐིག་ལེ་དྲངས་ནས་བཤད་པ་ལྟར་དབང་སྡུད་ལ་སྦྱར་བ་གཞན་ཡང་མང་མོད། འདིར་རིགས་བདག་བླ་མའི་ཐུགས་རྗེ་སྐུལ་བྱེད་དུ་རྭ་ཊཱི་ཀ་ལས་ཏེ། སྨོས་མ་ཐག་པའི་ཤེར་ཕྱིན་གྱི་སྒྲ་དབྱངས་སྙན་པས་གུ་རུའི་སྙིང་པོ་སྐུལ་ཞིང་མཉེས་བྱེད་དོ། །ཕྱག་གཡོན་ཐུན་མོང་མ་ཡིན་པའི་ལྷག་མཐོང་ཤེར་ཕྱིན་གྱིས་ཀུན་རྟོག་གི་དྲྭ་བ་དབང་དུ་སྡུད་ཅིང་ཐད་ཀར་གཅོད་པས་གྲི་གུག་དཀུར་བརྟེན་ཅིང་། ཀུན་རྟོག་གི་གཡུལ་ལས་རྒྱལ་བའི་བདེ་བས་སྙེམས་ཤིང་སྒེགས་པའི་འགྱིང་བག་ཅན། དོན་དམ་རྣམ་ཐར་སྒོ་གསུམ་གྱི་དཀྱིལ་འཁོར་བདེ་བས་རྒྱས་པས་སྐལ་ལྡན་རྣམས་ལ་མཆོག་གི་དགའ་བ་སྟེར་བས་བྷ་ག་རྒྱས་པ། ཡེ་ཤེས་ཀྱི་ལང་ཚོ་གང་བ་ལས་དངོས་གྲུབ་མི་ཟད་པའི་རྒྱུན་བཟང་འཇོ་བས་འོ་འཛིན་འབུར་བ། དགའ་བ་བཅུ་དྲུག་རྫོགས་པའི་ལྷན་སྐྱེས་ཀྱི་ན་ཚོད་དར་ལ་བབས་པས་ལོ་བཅུ་དྲུག་མའི་རྣམ་པ་ལ་གཞོན་ནུའི་རྒྱན་ནམ་བྱིས་པའི་རྒྱན་དུ་གྲགས་པ་ནོར་བུ་དང་མེ་ཏོག་སྤེལ་བའི་དོ་ཤལ་གསང་གནས་སླེབས་པར་འཕྱང་བ། ཐུན་མོང་དང་ཁྱད་པར་གྱི་ཕར་ཕྱིན་དྲུག་རྫོགས་པས་རུས་པའི་རྒྱན་དྲུག་འཆང་བ། འཛིན་ཞེན་གྱི་མདུད་པ་གྲོལ་བས་དབུ་སྐྲ་ལན་ཚར་ཅན། སྤྱན་གསུམ་ལ། སྨིན་མཚམས་ན་སྤྱན་གཡས་པ་གྱེན་ལ་བསླང་བ་ལྟ་བུ་གཡས་ཀྱི་ཕྱོགས་སུ་རྫི་མ་དང་བཅས་པའི་སྤྱན་དབུས་མ་ངོ་བོ་ཆོས་སྐུའི་སྤྱན་གྱིས་དབྱིངས་ནང་གསལ་རིགས་བདག་གི་ཐུགས་ཀར་གཟིགས་པས་དགོངས་ཀློང་གཅིག་ཏུ་གྱུར་ཏེ་ཡེ་ཤེས་དབྱིངས་སུ་འཁྱིལ། གཡོན་པ་ལོངས་སྐུ་རང་བཞིན་གྱི་སྤྱན་ཐད་ཀར་ཡེ་ཤེས་ལྔའི་ཞིང་ཁམས་ལ་གཟིགས་པས་གསལ་སྣང་སྐུ་དང་ཡེ་ཤེས་སུ་སྨིན་ཏེ་འགྲོ་བ་འདུལ་བའི་ཕྲིན་ལས་རྩལ་རྫོགས། གཡས་པ་སྤྲུལ་སྐུ་ཐུགས་རྗེའི་སྤྱན་ཐུར་དུ་ཁམས་གསུམ་གྱི་འགྲོ་བ་ལ་གཟིགས་པས་གདུལ་བྱ་དབང་དུ་མཛད་པ་རྣམས་ཕལ་ཆེར་རྭ་ཊཱི་ཀ་ལ་བརྟེན་ནས་གོ་བདེར་བརྗོད་དོ། །སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགས༔ ཅེས་པའི་རྫོགས་ཚུལ་ལ་ལུས་དཀྱིལ་དང་མགྲོན་ཐབས་ཀྱི་ཚུལ་དུ་རྫོགས་པ་གཉིས་ཊཱི་ཀ་ལས་བཤད་དེ། མགྲོན་ཐབས་ལ་བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེའི་ལྷ་སོགས་ཀྱང་ཡོད་པར་བཞེད་པ་འདྲའོ། །ལུས་དཀྱིལ་ནི་ཚིག་འདིས་མདོར་བསྟན་ཅིང་། དེ་མན་ཆད་ཀྱིས་རྒྱས་པར་བཤད་དོ། །འདིར་རགས་པ་ཕུང་སོགས་ཀྱི་ལུས་དཀྱིལ་ནི་ཨ་ནུ་ཡོ་ག་ཚོགས་ཆེན་འདུས་པ་དང་། ཕྲ་བ་རྩ་ཁམས་ཀྱི་ལུས་དཀྱིལ་མ་རྒྱུད་བདེ་མཆོག་ལྟར་མཛད་དེ། དེའང་ཀུན་མཁྱེན་ཆེན་པོས། སེམས་ཅན་སེམས་དང་རྒྱལ་བའི་དགོངས་པ་གཉིས། །རིག་པ་ཁོལ་བུ་རྒྱ་ཡན་ཁྱད་པར་ཏེ། །ཞེས་གསུངས་པ་ལྟར་སེམས་ཅན་དང་སངས་རྒྱས་གཉིས་འོད་གསལ་གྱི་རིག་པ་ཐ་མལ་པའི་ཕུང་ཁམས་དབང་ཡུལ་སོགས་ཀྱིས་ཁོལ་བུར་བཅིངས་པ་དང་། དེ་གཏན་ལོག་ཏུ་སོང་བའི་ཁྱད་པར་གྱིས་ཕྱེ་བས། ཕུང་ཁམས་སོགས་ཀྱི་ཆོས་དེ་དག་སྤྱིར་སྦྱོང་བྱེད་དུ་ཞི་ཁྲོའི་ལུས་དཀྱིལ་བསྟན་ལ། བདག་འཇུག་དབང་དོན་རྒྱ་མཚོར། ཕུང་པོ་ཁམས་དང་སྐྱེ་མཆེད་ནི༔ གདན་གསུམ་དཀྱིལ་འཁོར་ཉིད་ཡིན་ཀྱང་༔ རྩ་རླུང་ཐིག་ལེའི་སྒྲིབ་པས་བཅིངས༔ ཞེས་པ་ལྟར་མ་དག་པའི་ཕུང་སོགས་དེ་རྣམས་སྲོག་རྩ་འཛིན་པའི་ལྗོན་ཤིང་གི་སྐྲད་ལྟ་བུ་ནི་འཁོར་བའི་རྩ་ཐིག་རླུང་གསུམ་གྱི་ཆ་རྣམས་ཏེ། དེ་རྣམས་བྱེ་བྲག་ཏུ་འདུལ་བྱེད་དམ་ལས་རུང་དུ་བྱིན་གྱིས་རློབ་བྱེད་ལ་གནས་ཡུལ་གྱི་རྣལ་འབྱོར་མ་ཉེར་བཞིའི་ལུས་དཀྱིལ་བསྟན་ནོ། །དང་པོའི་ཕྱོགས་ལ་གཞན་གོ་སླ། གཞུང་རང་གི་ཚིག་ཟིན་དུ། ཁྲོ་དཀྱིལ་བ་སྤུའི་ཁུང་བུར་སྒོམ་པ་ཙམ་ལས་མི་སྣང་ཡང་། ཊཱི་ཀར་རིགས་ལྔའི་ཁྲག་འཐུང་དང་ཆེ་མཆོག་ཡབ་ཡུམ་རྣམས་ཀླད་པ་དུང་ཁང་དུ་འཁོར་ལོ་རྩིབས་བཞིའི་དབུས་སུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་དང་། དེའི་ཐུགས་ཀར་ཆེ་མཆོག ། ཤར་དུ་བཛྲ་སོགས་ཀྱི་རིམ་པས་འགོད་པ་དང་། གནས་ཡུལ་སྒོ་དབང་བ་སྤུའི་ཁུང་བུར་སྐྱེད་པར་བཤད་པ་ཀུན་མཁྱེན་གྱི་གསུང་རྒྱུན་ཡིན་པར་མངོན་ལ། དེར་ཧེ་རུ་ཀ་དྲུག་པོ་ཞལ་གསུམ་ཕྱག་དྲུག་ཁོ་ནར་བཤད་དེ། ཕྱག་རྒྱ་བསྡུས་པར་བྱས་ཀྱང་མི་རུང་བ་མེད་པ་འདྲ། ཕྲ་བའི་ལུས་དཀྱིལ་སྐབས། བུ་ཛ་ཨོ་ཨ་ལ་སོགས་པའི་ཡུལ་ཉེར་བཞི་པོ་རང་ལུས་ཀྱི་སྤྱི་བོ་དང་སྨིན་མཚམས་སོགས་ཉེར་བཞི་དང་། དེ་དག་སོ་སོའི་རྩ་ཡོངས་སུ་གྱུར་པ་ལས་ཐོད་དུམ་སོགས་དཔའ་བོ་དང་། ཁམས་ཡོངས་སུ་གྱུར་པ་ལས་རབ་གཏུམ་མ་སོགས་རྣལ་འབྱོར་མ་ཉེར་བཞིར་སྒོམ་པར་བསྙེན་པའི་ཡང་ཡིག་ཏུ་གསུངས་ལ། རྣམ་མཁྱེན་ཤིང་རྟར། མི་ཕྱེད་མ་དང་ཕྲ་གཟུགས་མ་སོགས་རྩ་ཉེར་བཞི་གནས་དང་། དེ་དག་ལ་བརྟེན་པའི་ཁམས་དཀར་པོ་རྣམས་དཔའ་བོ་དང་། དམར་པོ་རྣམས་རྣལ་འབྱོར་མར་བཤད་པ་ལས་རྭ་ཊཱི་ཀ་ཏུ་ཕྱི་མ་དབང་བཙན་པར་མཛད་མོད་གང་བྱས་ཀྱང་རུང་ངོ་། །བསྙེན་པའི་ཡང་ཡིག་གི། ཡོངས་སུ་གྱུར་པ་ལས་ཞེས་པ་འདི་ལུས་དཀྱིལ་གྱི་གནད་ཆེ་བ་ཞིག་ཡིན་པས་དྲན་པར་བྱའོ། །ཡང་དེ་ལས། རང་བཞིན་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་ཞེས་བྱའོ་ཞེས་དང་། རྩ་གཞུང་དུ། ཡོངས་གྲུབ་གདན་གསུམ་ཚང་བའི་ལྷ༔ ཞེས་པ་ནི་ལྷུན་གྲུབ་སྣང་སྟོང་ཤར་བ་ཟབ་མོའི་བསྐྱེད་རིམ་ཞེས་གསུངས་པ་སོགས་དང་དོན་མི་གཅིག འདི་ནི་སྒྲུབ་གཞི་མ་བཅོས་རང་གྲུབ་ཏུ་ཡོད་པའི་ལུས་དཀྱིལ་ཁོ་ན་ལ་བྱའོ། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་ཞེས་པར། རྭ་ཊཱི་ཀ་ཏུ། ཕྱོགས་བཞིར་བདེ་ཆེན་དཀར་མོ། སེར་མོ་དོན་གྲུབ། དམར་མོ་སྒྲ་སྒྲོག སྣ་ཚོགས་མཐར་ཕྱིན་བཞི་དང་། བར་སྣང་གི་ཆར་བུདྡྷ་ཁྲོས་མ། མཚམས་རྣམས་སུ་དམ་ཚིག་མཁའ་འགྲོ་སོགས་རང་རང་གི་འཁོར་འབུམ་སྡེའི་ཚོགས་དང་བཅས་པ་བཤད་ལ། བསྙེན་པའི་ཡང་ཡིག་ཏུ། དྲི་ཟ་ཆེན་མོ་འབུམ་ཕྲག་སོགས་མང་དུ་ཡོད་པར་གསུངས་པའི་སྔ་མ་ཕོ་བྲང་ནང་གི་ལྷ་དང་། ཕྱི་མ་འདི་བཀའ་བརྒྱད་བདེར་འདུས་སུ་བཀའ་སྡོད་ཀྱི་ཁྱམས་ལ་ཕྱོགས་སྐྱོང་བཅུ་རེ་རེའི་རིགས་ཀྱི་མཁའ་འགྲོ་འབུམ་ཕྲག་རེ་དང་། གཞན་ཡང་བདུད་མོ་དང་སྨན་མོ་ཤ་ཟ་སོགས་རེ་རེ་ཡང་འབུམ་འབུམ་ཡོད་པར་བཤད་པ་དེ་ཡིན་པར་སྣང་བས་ཕྱིའི་འཁོར་ཡུག་ལ་འགོད་རྒྱུ་དང་། དེ་དག་ཤིང་ལོ་མ་བདུན་པ་ཟེར་བ་ལྟར་འབུམ་ཕྲག་ཏུ་མཚུངས་པས་འབུམ་ཕྲག་མཁའ་འགྲོ་ཞེས་བསྡུས་ནས་བསྟན་པ་ཡིན་ལ། ཡངས་པ་ཞེས་པའི་སྒྲས་མདོར་ན་མཐའ་ཡས་ཤིང་བརྗོད་ཀྱིས་མི་ལང་བའི་དཔའ་བོ་མཁའ་འགྲོས་བསྐོར་བར་བསྟན། རིགས་བདག་གི་ཐད་དུ། པདྨ་ཐོད་ཕྲེང་རྩལ་བདེ་བ་ཆེན་པོའི་གསང་སྤྱོད་མཛད་པའི་བརྡར་རལ་པའི་ཐོར་ཚུགས་དང་རུས་རྒྱན་སྟག་ཤམ་སོགས་ཧེ་རུ་ཀའི་ཆས་ཅན། བླ་མའི་སྐུ་ལས་བདུད་རྩིའི་རྒྱུན༔ སོགས་ཀྱི་རིགས་པས་ཐབས་ཀྱི་རང་བཞིན་བདེ་ཆེན་འཁོར་ལོའི་ཧཾ་ཡིག་གི་ཟླ་མཛེས་དྲི་མ་མེད་པའི་མདོག་ཅན། སྲིད་ཞིའི་དྭངས་བཅུད་འཁྱིལ་བའི་འཆི་མེད་ཀྱི་སྐུ་བརྙེས་པས་གཞོན་ནུ། ཕྱག་གཉིས་ཐབས་ཤེས་བདེ་སྟོང་གི་ཆོས་སྒྲས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་བསྐུལ་ཏེ་ཡེ་ཤེས་འབེབས་པའི་ཌཱ་དྲིལ་འཁྲོལ་བ། ཞབས་གཉིས་སྲིད་ཞིའི་མཐའ་ལ་མི་གནས་པའི་མཉམ་པའི་སྐྱིལ་ཀྲུང་ཅན་དུ་ཤེས་པར་བྱའོ། །དེ་ལྟ་བུའི་ཕྱི་ནང་གི་དཀྱིལ་འཁོར་རྣམས་ལ་དབང་པོ་རབ་ཀྱིས་གོ་དོན་ལྷོངས་པ། འབྲིང་གིས་མོས་པ་ལམ་བྱེད། ཐ་མ་གཙོ་མོ་དང་ཡེ་ཤེས་སེམས་དཔའ་ཙམ་ལ་མཐིལ་གཏོད་པར་བསྙེན་ཡིག་ཏུ་གསུངས་པའི་ཕྱི་མ་འདི་འཐད་པ་དཔལ་ཆེན་འདུས་པའི་གཞུང་འདོན་པ་བསྒྱུར་ན། ལྷ་ཚོགས་འཕྲོ་འདུ་བསམ་ཡས་ཀུན༔ གཙོ་མོ་གཅིག་པུའི་ཆོ་འཕྲུལ་ཏེ༔ མཚོ་རྒྱལ་སྲོག་ལ་དབང་ཐོབ་ན༔ ཚོམ་བུའི་འཁོར་ལོ་མ་བསྒྲུབ་ཤར༔ ཞེས་དང་། གབ་བྱང་ལས། མི་ལ་གཅེས་པ་རྣམ་ཤེས་ལྟར༔ ཕྱག་རྒྱ་རྟགས་ཀྱི་ལྷ་སྐུ་ཀུན༔ ཟིལ་གནོན་ཡེ་ཤེས་སེམས་དཔའ་ནི༔ ཤིན་ཏུ་གསལ་བརྟན་ཐོན་པ་གནད༔ ཅེས་སོ། །སྤྱན་འདྲེན་མཆོད་བསྟོད་སོགས་ཀྱི་སྐོར་བྲིས་ན་མང་ཆེས་པས་མ་བརྗོད། ཛབ་དགོངས་སྐབས། སྤྱིར་རྡོ་རྗེ་ཕག་མོ་ཡིན་ཀྱང་། ཕག་ཞལ་དགོས་པར་མ་ངེས་མོད། སྐབས་འདིའི་ཡེ་སེམས་ནི་ཞལ་གཉིས་མར་གསུངས་པས་དེའི་ཕག་ཞལ་གྱི་དེ་ཉིད་ཅུང་ཟད་རྒྱས་པར་སྤྲོ་ན། ལུང་འདི་རྣམས་བསྒྲིགས་ནས་དཔྱད་ན་ཤེས་ཏེ། ཉང་གཏེར་མཁའ་འགྲོ་མའི་གསང་སྒྲུབ་ཀྱི་འགྲེལ་པ་ལས། ཡུམ་རྡོ་རྗེ་ཕག་མོ་ནི༔ དཔའ་མོའི་གཙུག་ཕག་གི་རྟོག་པ་ཆུང་ཞིང་ཤུགས་ཆེ་བ་དང་འདྲ་བར་འཁོར་བ་ལ་བཟང་ངན་རྟོག་པ་མེད༔ འཁོར་བ་རྩད་གཅོད་པ་ཤུགས་ཆེ་བ་ཡིན་ནོ༔ ཞེས་དང་། ཡང་ཕག་མོའི་གསང་སྒྲུབ་ལས། ཕག་ཞལ་ནི། ཕག་གཏི་མུག་ཆེ་ཞིང་གཙང་བཙོག་མེད་པ་དང་འདྲ་བར༔ གཏི་མུག་མ་སྤང་བར་རང་སར་དག་ནས་ཐུགས་རྗེ་ཡེ་ཤེས་ཀྱི་བརྟུལ་ཞུགས་ཀྱིས་ཉོན་མོངས་པ་དང་རྣམ་པར་རྟོག་པ་རྩད་ནས་གཅོད་པའོ༔ ཞེས་དང་། ཕག་མོ་རིགས་འདུས་མའི་སྒྲུབ་ཐབས་ལས། རྣམ་རྟོག་གཙང་དམེ་མེད་པས་ཕག་གདོང་ནག་མོ་སྤྱི་གཙུག་ཏུ་འཐོན་པ༔ དོན་དམ་ཆོས་ཉིད་མི་འགྱུར་བས་ནག་མོ༔ སེམས་ཅན་དོན་ལ་ཐུགས་རྗེས་འཇུག་པའི་བདེ་བས་གཡས་ངོས་སུ་བལྟ་བ༔ གདུག་པ་ཅན་ཐམས་ཅད་ཚར་གཅོད་ཅིང་འདུལ་བས་ཕག་སྐད་དུ་ངུར་བ༔ དྲེགས་པ་ཅན་བདུད་དང་དགྲ་བགེགས་ལ་སོགས་པའི་བར་ཆད་ཐམས་ཅད་འཇིགས་པར་མཛད་པ༔ བདག་གི་དབང་དུ་བསྡུས་ནས་བཀའ་ཉན་ལས་ལ་འཁོལ་བར་བྱེད་པ༔ འཇིག་རྟེན་འདས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་ལ་སོགས་པ་དང་འཇིག་རྟེན་མ་འདས་པའི་དུར་ཁྲོད་མཁའ་འགྲོ་མ་ཐམས་ཅད་དབང་དུ་སྡུད་པས་བཀའ་ཉན་གསུང་སྡོད་འཁོར་དུ་བསྐོར་བ༔ ཞེས་གསུངས་ཤིང་། ཁྲོས་ནག་གི་སྙན་བརྒྱུད་འགྲེལ་པར་ཡང་། སྤྱི་གཙུག་ཕག་ཞལ་ནམ་མཁའི་གནས༔ ཞེས་པས་སྤྱི་གཙུག་རལ་པའི་གསེབ་ནས་ཕག་ཞལ་ནག་པོ་ཕྱུང་ནས་གྱེན་དུ་གཟིགས་པས་རྟོག་མེད་ནམ་མཁའ་ལྟ་བུའི་དགོངས་པ་ལ་དུས་རྟག་ཏུ་གནས་པའི་བརྡའོ༔ དེའང་ཕག་ཞལ་སྟེང་དུ་ངུར་བས་གཟུགས་མེད་ཀྱི་ཁམས་དང་༔ བར་དུ་ངུར་བས་གཟུགས་ཁམས༔ འོག་ཏུ་ངུར་བས་འདོད་ཁམས་ཐམས་ཅད་དབང་དུ་སྡུད་པ༔ ཕག་སྐད་ཕྱོགས་བཞིར་སྒྲོག་པས་མཁའ་འགྲོ་རིགས་བཞི་དབང་དུ་སྡུད་པའོ༔ ཞེས་སོགས་གོང་འོག་ན་མང་དུ་གསུངས་ཏེ་མདོར་ན་དོན་དམ་འོད་གསལ་རྟོག་མེད་མི་འགྱུར་བའི་རྟགས་ཀྱི་ཕྱག་རྒྱའོ། །རང་བྱུང་གི་ཆོས་ཉིད་ཚུར་གང་གིས་ཀྱང་བསྒྱུར་དུ་མེད་ཅིང་ཕར་བརྟན་གཡོ་ཐམས་ཅད་སྤྲོས་པ་མེད་པའི་ཁ་དོག་ཏུ་བྱེད་པས་སྐུ་མདོག་མཐིང་ནག ཀུན་རྫོབ་རྣམ་དག་ཁྲོ་མོའི་ཞལ་དང་དོན་དམ་དག་པ་ཕག་ཞལ་ཅན། ཕྱག་གཡས་སུ་དུག་གསུམ་གཅོད་པའི་གྲི་གུག གཡོན་བདེ་ཆེན་གྱི་རྒྱུན་ལ་རོལ་བའི་ཐོད་ཁྲག་བསྣམས་པ། ཆོས་ཐམས་ཅད་བདེ་བར་སྡོམ་པས་ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། གཡོན་པ་ཤེས་རབ་ཀྱི་ཞབས་བརྐྱང་བས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གདན་གནོན་པས་པད་ཉི་བམ་རོའི་སྟེང་ན་གནས་པ། རུས་རྒྱན་སྔར་བཞིན། དུས་གསུམ་གཟིགས་པའི་སྤྱན་གསུམ་ཅན། ཐབས་ཤེས་འདུ་འབྲལ་མེད་པས་མཆན་ཁུང་གཡོན་དུ་ཁ་ཊྭཱཾ་འཆང་བ། དེའི་ཐུགས་ཀར་དགའ་འཁྱིལ་དམར་པོ་ཡན་ལག་བཞི་པ་གཡོན་བསྐོར་དུ་འཁོར་བའི་དབུས་སུ་བཾ། མཐའ་བསྐོར་དུ་རྩ་སྔགས་བཀོད་པ་ཙམ་ལས་འགལ་མེ་ལྟར་འཁོར་བའི་ཚིག་ཟིན་བསྙེན་ཡིག་ན་མི་སྣང་། རྭ་ཊཱི་ཀ་ན་སྔགས་ཕྲེང་གཡོན་དུ་འཁོར་བའི་བཀོད་པ་ལ་དྲན་པ་བཞག་ཅེས་འབྱུང་བའང་སྒྲུབ་ཐབས་སུ་སྔགས་ཕྲེང་འཁོར་བའི་ཞེས་པའི་དོན་གཡོན་བསྐོར་དུ་བཀོད་པ་ལ་བཤད་པའི་སྟེང་ནས་འབྲུ་གནོན་ལུགས་ཙམ་ཡིན་པར་བཤད་ན་མི་རུང་བ་མེད་དམ་སྙམ་སྟེ་ཅུང་ཟད་དཔྱད་དགོས། ཐུགས་ཀའི་སྔགས་འཁོར་སྤྱི་དང་ཁྱད་པར་ཐུགས་སྲོག་ཉི་མ་བརྒྱ་ལྟར་བཀྲག་པའི་འོད་ཟེར་གྱི་ཕུང་པོ་ཅན་དུ་གསལ་བཏབ་ནས་དེ་ལ་རིག་པ་གཡོ་མེད་དུ་གཏད་ཅིང་སྔགས་བཟླས་པའི་རྐྱེན་གྱིས་གཟི་བྱིན་ལྷག་པར་འབར། ཕྱི་ནང་གི་མཁའ་འགྲོའི་དཀྱིལ་འཁོར་ཐམས་ཅད་མེ་ལོང་ལ་ཉི་མ་ཕོག་པ་ལྟར་གསལ་བར་བྱས་པའི་དམིགས་རིམ་ནི་བསྙེན་ཡིག་དང་འགྲེལ་བའི་ཚིག་གིས་མ་ཟིན་ཀྱང་། སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་སོགས་ཀྱི་དོན་དང་འབྱོར་ཞིང་། ནུས་པ་མྱུར་དུ་སྐྱེ་བ་དང་སྒྲུབ་ཐག་ཉེ་བའི་གནད་ཀྱང་ཡོད་པས་ཁ་སྐོང་དུ་སྦྱར་ན་ལེགས། ཉང་གཏེར་སོགས་མང་པོ་ལས། མཁའ་འགྲོ་མའི་སྒོས་མཛད་ཀྱི་གཙོ་བོ་ཡེ་ཤེས་འབེབས་པ་ལ་མཛད་པ་ལྟར་འདིར་ཡང་རིགས་བདག་གི་བྱིན་ཪླབས་བསྡུ་དམིགས་ལ་རྩལ་འདོན་པ་ཡིན་ཏེ། དེའང་རང་ཉིད་མཁའ་འགྲོའི་སྐུའི་མཚར་སྡུག སྔགས་ཀྱི་གླུ་དབྱངས། ཌཱ་མ་རུའི་སྒྲ། རྗེས་ཆགས་ཀྱི་དགོངས་པ་སོགས་རེ་རེ་ཞིང་གུ་རུའི་ཐུགས་རྒྱུད་སྐུལ་བའི་དབང་གི་ལྕགས་ཀྱུ་ལྟ་བུར་ཤེས་དགོས་ཤིང་། དྲན་པ་ཉེར་བཞག་ལས། དབང་གི་སྣོད་དུ་རུང་བ་དང་སོགས་གསུངས་པའང་དྲན་པར་བྱ། ཁྱད་པར་སྔགས་ཕྲེང་གི་འོད་ཟེར་མཁའ་འགྲོའི་སྤྱི་གཙུག་ནས་ཐོན། རིགས་བདག་གི་ཐུགས་ཀར་ཕོག་པས་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་དངོས་གྲུབ་བསྡུས་ནས་ཐུགས་སྲོག་བྃ་ཡིག་ལ་བསྟིམ་པ་སོགས་དོན་གཉིས་སྒྲུབ་པའི་དམིགས་རིམ་བསྙེན་ཡིག་ལྟར་དང་། སླར་ཡང་གུ་རུའི་སྐུ་ལས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམ་པ་ཐམས་ཅད་པའི་རང་བཞིན་ཅན་གྱི་བདེ་བའི་བདུད་རྩི་ཟླ་ཞུན་ལྟ་བུའི་རྒྱུན་བྱུང་བ་རང་གི་སྤྱི་བོར་ཞུགས་པའི་དགའ་བས་ཐ་མལ་པའི་ལུས་སྣང་བསྐྱེད་པའི་རྩ་རླུང་ཐིག་ལེའི་དྲི་མ་སྦྱངས། སྐུ་རྡོ་རྗེའི་ཡེ་ཤེས་རང་རྒྱུད་ལ་བསྐྱེད་དེ་ལུས་སྐུ་རྡོ་རྗེར་བྱིན་གྱིས་བཪླབས། བདུད་རྩི་མགྲིན་པའི་གནས་སུ་བབས་པས་མཆོག་དགའ་བསྐྱེད་ཅིང་འཁྲུལ་པའི་ངག་སྐྱེད་པའི་རླུང་ཐིག་གི་དྲི་མ་སྦྱང་ལ། གསུང་རྡོ་རྗེའི་ཡེ་ཤེས་ཉམས་སུ་མྱོང་སྟེ་ངག་གསུང་རྡོ་རྗེར་བྱིན་གྱིས་བཪླབས། དེའི་འགྲེས་ཀྱིས་སྙིང་གར་ཁྱད་པར་གྱི་དགའ་བས་ཡིད་ཀྱི་ཐིག་ལེ་སྦྱངས། ཐུགས་རྡོ་རྗེའི་ཡེ་ཤེས་བསྐྱེད། ལྟེ་བ་མན་ཆད་དུ་ལྷན་སྐྱེས་ཀྱི་དགའ་བས་ཀུན་གཞི་དང་འཛགས་བདེའི་དྲི་མ་བཀྲུས། སྒོ་གསུམ་ཡེ་ཤེས་རྡོ་རྗེར་བྱིན་གྱིས་བཪླབས་པ་སྟེ་དགའ་བ་བཞིས་དབང་བཞིའི་ཡེ་ཤེས་སམ་རྡོ་རྗེ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་པ་ནི་འཕྲོ་འདུའི་དམིགས་གནད་གཙོ་བོ་ཡིན། འདིར་ལྷན་སྐྱེས་ཀྱི་དགའ་བའི་ཐབས་ཀྱིས་དབང་བཞི་པའི་ཡེ་ཤེས་ཉམས་སུ་མྱོང་ཚུལ་ལམ་ཡེ་ཤེས་དེ་ལ་སྦྱོར་ཚུལ་ཐད། དབང་གསུམ་པའི་མཐའི་ལྷན་སྐྱེས་ཀྱི་དགའ་བ་ཐོམ་མེ་ཡོར་རེ་བ་ལྟ་བུ་ཞེས་གྲོལ་ཐིག་དབང་རྣམས་ལས་གསུངས་པ་ནི་ལྷན་སྐྱེས་དེའི་སྟོད་ཆའི་དུས་སུ་བདེ་བའི་རོས་མྱོས་པའི་མྱོས་ཆའམ་མྱོང་ཞེན་གྱི་དྲི་མ་མ་སངས་པས་ཀ་དག་གི་རིག་ཆ་གཅེར་བུར་ཐོན་མི་ནུས་ལ། དེའི་སྨད་ཆར་དྲི་མ་དེ་སངས་པས་རིག་ཆ་གསལ་བར་སད་ནས་རྒྱ་གྲོལ་གུ་ཡངས་ཀྱི་རྟོགས་པ་འཆར་བ་དང་། དེའང་ལྷན་སྐྱེས་རྒྱུན་རིང་དུ་འཇུག་པའི་བརྟན་པོ་མེད་ན་སྟོད་སྨད་ཀྱི་དེ་ལྟར་འབྱེད་རྒྱུ་མེད་པར་རྣམ་མཁྱེན་ཤིང་རྟ་ལས་གསུངས། འདི་ལ་ལྷན་སྐྱེས་ཅི་ཙམ་འཐུག་ཅིང་བརྟན་པ་དེ་ཙམ་དུ་མཐའི་རིག་ཆ་གསལ་དག་འབར་བརྟན་དུ་རྗེན་ལ་ཐོན་ཚབ་ཆེ་བར་མངོན། སྔགས་དོན་ནི། ཨོཾ་ཡིག་ལ་རྡོ་རྗེ་རྩེ་མོར་ནོར་བུ་འཛིན་པའི་སྔགས་ཞེས་དཔལ་དང་གཡང་སྟེར་བ་སོགས་ཀྱི་བཤད་པ་གཞན་ཡང་ཡོད་མོད། འདིར་སྔགས་ཀྱི་མགོ་འདྲེན་དང་མཆོག་སྟེར་བའི་དོན་དང་སྦྱར་བས་ཆོག པདྨོ་ཡོ་གི་ནི་ཞེས་པ་པདྨའི་རྣལ་འབྱོར་མ་སྟེ། གྲངས་དང་བློ་མི་ཐུག་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་རྣལ་འབྱོར་བླ་མེད་ཀྱི་ཐེག་པས་འགྲོ་བའི་གདུལ་བྱ་རྣམས་ཀྱི་མདུན་དུ་འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཕ་རོལ་ཏུ་སོན་པའི་བུད་མེད་མཆོག་གི་གཟུགས་ཀྱིས་གཤེགས་ཏེ། མཛེས་སྡུག་མཐོང་བ་དང་གླུ་ཐོས་པ་དང་ཨུཏྤ་ལའི་དྲི་སྣོམ་པ་དང་མ་མཆུའི་སྦྲང་རྩི་བཞིབ་པ་དང་པདྨའི་རེག་བྱ་ལ་ཉུག་པ་སོགས་ཀྱིས་སེམས་རྒྱུད་རྗེས་ཆགས་ཆེན་པོའི་གཞན་དབང་དུ་འགྲོ་བ་ལས་སུས་ཀྱང་བཟློག་མི་ནུས་པའི་མཛད་སྤྱོད་ཀྱིས་རྣམ་པར་རོལ་ཡང་། ཆགས་བྲལ་གྱི་ལམ་དང་ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་འགྲོ་བ་རྣམས་ལས་བྱེ་བ་འབུམ་འགྱུར་གྱིས་མྱུར་བ་དེར་བླ་མེད་རྫོགས་བྱང་ལ་སྦྱོར་བ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་གཞན་དུ་མི་འགྱུར་ཞིང་། རང་ཉིད་ནི་འཕོ་བའི་བག་ཆགས་མཐའ་དག་སྤངས་པས། དུས་ཐམས་ཅད་དུ། བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མ༔ ཞེས་འོག་ནས་འབྱུང་བ་ལྟར་མི་འགྱུར་བའི་བདེ་བ་སྟོང་ཉིད་དང་རོ་གཅིག་པ་པདྨ་ཆུ་ནང་ན་གནས་ཀྱང་ཆུའི་ཉེས་པས་མི་གོས་པ་ལྟ་བུའི་རྣལ་འབྱོར་མཆོག་ལས་སྐད་ཅིག་ཀྱང་གཡོ་བ་མེད་པ་དེ་སྐད་ཅེས་བྱའོ། །ཛྙཱ་ན་ཝཱ་རཱ་ཧཱི་ནི་ཡེ་ཤེས་ཕག་མོ་ཞེས་པ་སྟེ། དང་པོར་འབར་བ་བར་དུ་གཡོ་བ་ཐ་མར་བརྟན་པ་གསུམ་གྱི་རྟོག་ཚོགས་ཐམས་ཅད་སྙིང་དབུས་མི་ཤིགས་པའི་ཐིག་ལེ་ཟོས་པའི་འོད་གསལ་བསམ་མི་ཁྱབ་ཀྱི་ཡེ་ཤེས་ལ་བྱེད་པར་རྗེ་བླ་མའི་ཚོགས་མགུར་དུ་གསུངས་ལ། རྒྱས་པར་གོང་དུ་བཤད་ཟིན། ཧཱུྃ་ནི་རྡོ་རྗེ་རྩེ་མོར་འཇོམས་པར་བྱེད་པ་ལ་སྦྱར་བ་སོགས་ཡོད་ཀྱང་འདིར་དངོས་གྲུབ་ཀྱི་དོན་དུ་ཐུགས་སྐུལ་བའི་སྙིང་པོའོ། །འདིའི་མཐར་གནས་གསུམ་མཁའ་འགྲོ་སྤྱིའི་སྲོག་སྔགས་སྦྲེལ་ཚུལ་སུན་བཟློག་ངོ་མཚར་སྣང་བ་ན་ཡོད་ལ། དེ་ལྟར་མ་སྦྲེལ་བའི་སྐབས་འདིར་ཡང་མཁའ་འགྲོ་མ་དེ་དག་ཐམས་ཅད་ཀྱི་སྲོག་གཙོ་མོ་ཡེ་ཤེས་སེམས་དང་བཅས་པ་ཁོ་ན་ཡིན་པས་དེ་ཐམས་ཅད་ཀྱི་སྲོག་སྔགས་ཡིག་འབྲུ་བཅུ་གཉིས་པ་འདི་ཀ་ལ་མ་ཚང་བ་མེད་དོ། །ཆོག་ཁྲིགས་སུ་མ་བསྡེབས་གོང་གི་གཏེར་གཞུང་རྩ་སྔགས་འདིའི་དེ་མ་ཐག་པའི་འཕྲོར། རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་༔ ༼བསྐུར་ཐོབ་མེད་པའི་ཆོས་ཉིད་ལ༔ མཉམ་པར་གཞག་པ་གནད་ཀྱི་གཟིར༔ བསྐྱེད་རྫོགས་རྣམ་གྲངས་མང་མི་དགོས༔༽ འདི་ཉིད་གཅིག་པུས་དངོས་གྲུབ་ཐོབ༔ ཅེས་འབྱུང་ཞིང་། རྭ་ཊཱི་ཀ་ལས་ཀྱང་དེའི་སྟེང་ནས་བཤད་པ་གོ་བདེ། འོ་ན་ཀྱང་རྭ་ཊཱི་ཀ་ཏུ་རྐང་པ་ལྔ་པོ་འདིས་ཕན་ཡོན་བསྟན་ཏེ་གོ་སླའོ། །ཞེས་གསུངས་ནའང་འདི་གོ་སླར་འཇོག་ཏུ་ཕང་བས་ཟུར་ཙམ་བརྗོད་པར་བྱ་སྟེ། གོང་དུ། དབང་བཞིའི་ཡེ་ཤེས་ཉམས་སུ་མྱོང་༔ ཞེས་པའི་ནང་ཚན་དབང་བཞི་པའི་ཡེ་ཤེས་རིག་པ་དབྱིངས་མལ་དུ་བརྟན་ནས་རང་སྣང་རང་རྩལ་གྱི་ཆོས་ཐམས་ཅད་ལ་འདོད་དགུར་དབང་བསྒྱུར་ཞིང་། ཚུར་རྐྱེན་སྣང་གང་གིས་ཀྱང་མི་བརྫི་བ་ནི་གདོད་མའི་རྒྱལ་ཐབས་སམ་རྒྱལ་སྲིད་བཪྙེས་པ་ཞེས་བྱ་ལ། དེ་ལ་དངོས་སུ་སྦྱར་བ་ནི་རྒྱལ་སྲིད་ལ་དབང་བསྐུར་བ་ཞེས་བྱའོ། །འདི་ཉིད་རིག་པ་རྩལ་དབང་གི་གཞུང་མང་པོར་རྒྱལ་རིགས་རྐང་འཁྱམས་རྒྱལ་སར་བཏོན་པའི་དཔེ་དོན་གསུངས་པ་དང་སྦྱར་ན་ཤིན་ཏུ་གསལ་ལོ། །སྣང་ཚུལ་གནས་སྐབས་པ་ལ་ལྟོས་ནས་དེ་ལྟར་བཤད་པ་ཙམ་ལས་གཤིས་ལ་རྒྱལ་རིགས་ལྟ་བུའི་རིག་པ་རྩལ་ཐོག་ཏུ་ཅི་ཙམ་རྐང་འཁྱམ་ཡང་། གང་དུ་འཁྱམ་པའི་རྩལ་གྱི་གཟུང་འཛིན་དེ་ཉིད་ཀྱང་རྨི་ལམ་གཉིད་ཀྱི་ཀློང་ལས་ཕྱིར་མ་གྱུར་པ་བཞིན་དུ་ཡེ་ནས་གདོད་མའི་རྒྱལ་ཁབ་ལས་གཡོ་མ་མྱོང་བས་བསྐུར་ཐོབ་མེད་པའི་ཆོས་ཉིད་ཅེས་གསུངས། བསྐུར་ཐོབ་མེད་ཀྱང་དབང་བསྐུར་བར་བརྗོད་པ་ནི་རྣམ་ཐར་ཆེན་མོར། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་རང་བྱུང་འོད་གསལ་གྱི་དབྱིངས་ནས་སངས་རྒྱས་ཀུན་གྱི་གསང་བ་གསུམ་གྱི་ཡེ་ཤེས་ཆེན་པོ་དང་རོ་གཅིག་པ་བསྐུར་ཐོབ་མེད་པར་བཞུགས་པའི་རིགས་ཡོངས་སུ་སད་པ་ན། ཞེས་དེ་ཙམ་ན་དགོངས་གཏེར་མཆོག་རྣམས་འབྱུང་ཚུལ་བཤད་པས་མཚོན་ནོ། །འདི་ནི་ཆོས་འདིའི་རྫོགས་རིམ་གྱི་རྩ་ཚིག་གནད་ཆེ་ཤོས་ཡིན་ཏེ། དོན་ཇི་བཞིན་རྒྱུད་ལ་མ་ཁེལ་ཡང་མོས་སྒོམ་མ་མཐའ་ཡན་ཆད་ཀྱིས་ཅི་ནུས་སུ་བསླབ་ན། དགོངས་བརྒྱུད་ཀྱི་རྟོགས་པ་འཕོ་པའི་རྟེན་འབྲེལ་སྒྲིག་པ་དང་། དབང་དང་བྱིན་ཪླབས་ཀྱི་རྒྱུན་བརྟན་པའི་དགོས་པ་ཆེའོ། །ལྷ་སྐུའི་སེམས་འཛིན་སྐུ། བཟླས་པ་གསུང་། འདི་ཉིད་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཏེ། རྡོ་རྗེ་གསུམ་གྱི་ལམ་རིམ་དུའང་འགྱུར་རོ། །ལམ་གྱི་འགྲོས་ཡོངས་རྫོགས་གོ་བདེ་བར་བཤད་ན། གཙོ་མོ་ལུས་དཀྱིལ་དང་བཅས་པ་བསྐྱེད་ནས་དམ་ཡེ་བསྲེས། གསལ་སྣང་ལ་སེམས་ཅི་ནུས་སུ་འཛིན་ཅིང་ང་རྒྱལ་བརྟན་པོ་བཞག་སྟེ་ལྷ་སྔགས་དབྱེར་མེད་དུ་ཤེས་པས་སྔགས་བཟླ། སྔགས་ཀྱི་འོད་ཟེར་གྱིས་བླ་མ་ཧེ་རུ་ཀའི་ཐུགས་རྒྱུད་སྐུལ་ཞིང་བྱང་སེམས་ཀྱི་བདུད་རྩི་བཀུག་སྟེ་ནང་གི་ཚོགས་འཁོར་དང་དབང་ལེན་ལ་བརྩོན་པས་ཕུང་ཁམས་སྤྱི་དང་རྩ་རླུང་ཐིག་ལེ་མྱུར་དུ་བྱིན་གྱིས་བཪླབས་ནས། ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་སྟེ་འབར་བ་གསུམ་གྱི་ཡེ་ཤེས་འཆར། དེའང་ཆ་ཕྲ་མོ་ནས་རིམ་གྱིས་སྐྱེ་བ་གཡེང་བ་སྤངས་ཏེ་ཕུར་ཚུགས་སུ་བསྒོམས་ན་ཤུགས་ཇེ་ཆེར་རྒྱས་ཏེ། མཚམས་ཤིག་ནས་རྩ་ཁམས་དངོས་སུ་གཡོ་བའི་བདེ་བ་དང་། དེའང་ན་འཕར་ཏེ་དགའ་བཞིའི་མཐའི་ལྷན་སྐྱེས་དཔེའི་ཡེ་ཤེས་འབྱུང་། དེ་བརྟན་པའི་མཐར་དབང་བཞི་པའི་ཡེ་ཤེས་གནས་ལུགས་རྫོགས་པ་ཆེན་པོའི་རང་ཞལ་རྗེན་པར་མཐོང་སྟེ་དོན་དམ་རྡོ་རྗེ་ཕག་མོའི་སྲོག་ཐོབ། དེ་དག་གི་གནས་སྐབས་སུ་ཐོག་མར་མོས་མནོ་རྐྱང་པས་སྒོམ་པའི་དུས་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་སྣང་ཆ་ལྷུན་གྲུབ་ཀྱི་རིག་མདངས་སུ་བལྟ་བ་ལ་རྩལ་སྦྱོང་ཞིང་། བདེ་ཆེན་གྱི་རྟོགས་པའི་སྣ་རྩེ་རྙེད་རིམ་བཞིན་ལྷ་སྣང་བདེ་བ་དང་བསྲེ་ཞིང་བདེ་བ་ལྷར་འཆར་བ་ལ་གོམས་འདྲིས་རྒྱུན་ཆགས་སུ་བརྟེན་པས་མཐར་ལྷ་སྔགས་ཀྱི་འཁོར་ལོ་མཐའ་དག་རིག་ཐོག་ཏུ་གཟེར་ཐེབས་པ་འབྱུང་། དེ་ནས་ཡུལ་སྣང་ལྷར་ཐིམ། ལྷ་རིག་པ་ལ་འདྲེས་པ་ནི་དཔལ་འདུས་སྒྲུབ་གཞུང་ལས། ལྷ་དང་སྣང་བ་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པའི་གཟེར་ཐེབས་ཚེ༔ རང་སྣང་དོན་གྱི་འོག་མིན་དུ༔ འཚང་རྒྱ་འདི་ལ་ཐེ་ཚོམ་མེད༔ ཅེས་གསུངས་པ་བཞིན་ཏེ། དེའང་སྲབ་འཐུག་དང་། རྒྱ་ཆེ་ཆུང་། བརྟན་མི་བརྟན་གྱི་རིམ་པ་དུ་མ་ཞིག་འོངས་པ་ལས། མཐར་སྣང་སེམས་ཁྱབ་བརྡལ་དང་འཁོར་ཡུག་ཏུ་འདྲེས་ཚེ་རང་གཞུང་དུ། མཆོག་ལ་དགོངས་པ་གཡོ་འགུལ་མེད༔ ཅེས་པ་ལྟར་བདེ་སྡུག་གི་ཡུལ་རྐྱེན་གང་གིས་ཀྱང་མི་གཡོ་ཞིང་། རང་གཞན་གྱི་སྣང་སེམས་ཟིལ་གྱིས་གནོན་པའི་ནུས་པ་ཚད་མེད་པ་ཪྙེད། དེའི་ཚེ་ཐོག་མེད་ནས་གྲུབ་པའི་སྐུ་གསུམ་མཁའ་འགྲོའི་ཞིང་ཁམས་རྣམས་ཀྱང་མཁའ་འགྲོའི་རྣལ་འབྱོར་གོམས་སྟོབས་ཀྱིས་རང་སྣང་དག་པའི་སྣང་བ་དང་འདྲེས་ནས་མཐོང་ཞིང་། སྔགས་སྐྱེས་དང་ཞིང་ལས་སྐྱེས་པའི་རྣལ་འབྱོར་མའི་ཚོགས་དང་། དེར་མ་ཟད་ལྷན་སྐྱེས་རྗེ་མོ་དང་དངོས་སུ་འདུ་བའི་ནུས་པ་ཡང་མྱུར་དུ་ཪྙེད་པར་འགྱུར་ལ། དེ་དག་གི་མཐུས་རྩ་ཁམས་རླུང་གསུམ་གྱི་དྲི་མ་བྱང་སྟེ་སྨོན་ལམ་དངོས་རྒྱམ་ལས། ལུང་ཨ་ནུ་ཡོ་གའི་སོགས་ལྟར་ཐུན་མོང་གི་དངོས་གྲུབ་འོག་མིན་གྱི་བར་ལ་དབང་སྒྱུར་ཞིང་། མཆོག་གི་དངོས་གྲུབ་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་གྲོང་ཁྱེར་དུ་ཕྱིན་པར་འགྱུར་རོ། །དེ་ལ་དགོངས་ནས། བསྐྱེད་རྫོགས་རྣམ་གྲངས་མང་མི་དགོས༔ འདི་ཉིད་གཅིག་པུས་དངོས་གྲུབ་ཐོབ༔ ཅེས་གསུངས། དཔའ་མཁའ་འགྲོ་རྒྱ་མཚོ་ལས་ཀྱང་། རྣལ་འབྱོར་མ་རྣམས་དང་མཇལ་བ། །བསོད་ནམས་དབང་གིས་བརྒྱ་ལམ་ཐོབ། ། ༼དེ་རྣམས་དང་བྱས་དགའ་ཆེན་པོ། །མྱངས་པས་འཆི་བ་བསླུ་བ་ཡིན། །༽ དེ་ཕྱིར་རྣལ་འབྱོར་མ་རྣམས་ཀྱི། །མཆོད་པ་རྣལ་འབྱོར་པ་ཡིས་བྱ། །རྡོ་རྗེ་འཆང་ཆེན་གོ་འཕང་ནི། །དེ་རྣམས་མཉེས་པས་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་བཤད་པ་རྣམས་བསྐྱེད་རྫོགས་ཆ་མ་ཕྱེད་པའི་ནག་ནོག་གི་གཏམ་དུ་མཐོང་བའང་སྲིད་མོད། བསྐྱེད་རྫོགས་ཟུང་འཇུག་ཏུ་བགྲོད་པའི་རང་ལུགས་ཀྱི་གནད་བཙལ་ནས་བརྗོད་པ་ཡིན་པས་གཞན་དང་ཚུལ་མི་གཅིག་གོ། །སྤྱིར་རྣམ་འབྱོར་མ་དང་མཇལ་ཚུལ་ལ་ཡང་། རང་ཁྱིམ་དུ་དང་། གྲུབ་པའི་གནས་ཆེན་ཉུལ་ནས་མཇལ་བ་དང་། གང་ཡང་དངོས་ཉམས་རྨི་ལམ་དུ་མཇལ་བའི་ཁྱད་པར་མང་པོ་ཡོད་ལ། སྒྲུབ་པ་པོ་ལྷ་མོའི་རྣམ་པར་སྙེམས་པ་ལ་ལྷ་མོའི་གཟུགས་ཀྱིས་སྙོམས་འཇུག་གི་བདེ་བ་སྟེར་ཚུལ་ནི། ཇོ་མོའི་བྱིན་རླབས་ཟུང་འཇུག་རྣམ་རོལ་ལས། བུ་མོ་ང་ནི་རྔ་ཡབ་གླིང་དུ་འགྲོ། །བུ་ཁྱོད་དཔའ་བོ་རྟ་མགྲིན་ང་རྒྱལ་ཟུངས། །ཞེས་གསུངས་པ་ལ་རིག་འཛིན་པད་ཕྲིན་གྱིས་དང་པོར་བདག་མདུན་གཉིས་ཆར་ལ་མཚོ་རྒྱལ་བསྐྱེད་ནས་བཟླས་པ་སོགས་བྱས་མཐར་བདག་འཇུག་གི། བུ་ཁྱོད་དཔའ་བོ་སོགས་སྨོས་མ་ཐག་པ་དེའི་སྐབས་སུ་གདོད་རང་ཉིད་རྟ་མགྲིན་དུ་བསྒྱུར་ནས་རྗེས་ཆགས་རྩོམ་པར་བཤད་པ་བརྟགས་གཉིས་ཀྱི། ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། །ཞེས་པའི་ཐད་ན་རིག་མས་རྡོ་རྗེ་བྱིན་གྱིས་ཪློབ་པའི་སྔགས་གསུངས་པ་ལྟར་སྔགས་པ་དཔའ་བོའི་གཟུགས་སུ་མཚོ་རྒྱལ་ཉིད་ཀྱིས་ཚུར་བྱིན་གྱིས་བཪླབས་ནས་སྙོམས་པར་འཇུག་པའི་དོན་དུ་སྣང་སྟེ། དབང་སྐུར་དུས་འདི་དང་འདིའི་མོས་པ་མཛོད་ཅེས་འབྱུང་བ་རྣམས་བླ་མས་ཇི་ལྟར་བསྒོམས་པའི་དམིགས་རིམ་དེ་ག་སློབ་མ་ལའང་བརྡ་སྤྲད་ནས་ཡུལ་རྟེན་གཉིས་བསམ་རྒྱུད་གཅིག་ཏུ་བྱས་པའི་སྟེང་ནས་བྱིན་གྱིས་ཪློབ་པའི་ཆེད་ཡིན་གྱི། སློབ་མ་ཁོ་ནའི་སྒོམ་ཚུལ་མ་ཡིན་པ་བཞིན་ཏེ། འདིས་དབང་གསུམ་པ་དང་ཉེ་རྒྱུའི་སྤྱོད་པའི་ཐད་གོང་འོག་ཀུན་ཤེས་པར་སྣང་། ཞི་ཁྲོའི་ལུས་དཀྱིལ་སྐབས། ཀུན་བཟང་ཡབ་ཡུམ་དང་ཕག་མོ་སྣོད་ལ་སྣོད་འཇུག་པ་ལྟ་བུ་སོགས་མ་ཡིན་གསུངས་པ་ཡེ་ཤེས་ཀྱི་སྐུ་ཡིན་པས་ཕན་ཚུན་མ་འདྲེས་ཤིང་གོ་ས་མི་འགོག་པ་དང་མི་སྒྲིབ་པར་འཆར་བའི་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཞིག་ལ་དགོངས་པར་སྣང་ཡང་། ལས་དང་པོ་པས་ཡེ་ཤེས་སེམས་དཔའ་ཙིཏྟ་མཆོང་གུར་ཕུབ་པ་འདྲ་བའི་དབུས་དང་། ཞི་ཁྲོའི་ལུས་དཀྱིལ་བྲང་དང་སྙིང་གའི་བར་ཁྱམས་སུ་སྒོམ་པར་དགོངས་འདུས་རྣམ་བཤད་ལས་གསུངས་པ་ལྟར་བྱས་ན་བདེ་བ་འདྲ། ཀུན་མཁྱེན་ཉིད་ཀྱིས་ཞི་ཁྲོ་ངན་སོང་སྦྱོང་བའི་ཆོ་གའང་སྒྲུབ་གཞུང་འདི་དང་སྦྲེལ་ནས་མཛད་པའི་ཕྱག་གཞེས་ཡོད་ཅིང་། ལུས་དཀྱིལ་འདི་ཉིད་དེའི་རྒྱུ་མཚན་དུ་བཀོད་འདུག་པས་ལྷ་དང་སྔགས་འདི་ན་རཀ་དོང་སྤྲུགས་ཀྱི་སྙིང་པོའི་བཅུད་བསྡུས་ཀྱང་ཡིན་པར་གསལ་ཏེ། རྟོག་སྒྲིབ་ཉམས་ཆགས་སྦྱོང་བ་དང་དམ་ཚིག་སྐོང་ཞིང་གསོ་བ་ལ་ཡང་ལྷག་པར་ཟབ་པ་ཉིད་དུ་དེས་གོ། །ཛབ་དགོངས་ལ་ཀུན་བཟང་ཐུགས་ཀར་སྔགས་འཁོར་སྒོམ་པ་སོགས་བསྙེན་པའི་ཡང་ཡིག་ན་བཞུགས། ཐུགས་སྲོག་དང་སྔགས་ཕྲེང་གི་མདོག་མ་བཤད་ཀྱང་མཐིང་གར་བྱས་ན་རུང་སྙམ། མ་ཧཱ་སུ་ཁ་ཡན་ཆད་ཞི་བ་དང་། རུ་ལུ་ཁྲོ་བོའི་སྔགས་ཏེ་མདོ་ཚོགས་ཆེན་འདུས་པའི་སྐབས་སུ་ཞི་ཁྲོའི་སྤྱི་ཛབ་འདི་ཁོ་ན་བདུན་འབུམ་བཟླས་པས་ཀྱང་བསྙེན་པ་བསྡུས་པ་རྫོགས་པར་བཤད། མདོའི་གཞུང་དེར་ཛབ་དགོངས་ཐུན་མོང་དང་ཁྱད་པར་བ་གཉིས་བཤད་པའི་སྔ་མ་ཞི་ཁྲོའི་ལྷ་སོ་སོའི་སྔགས་བཟླ་ཚུལ་ཡིན་ལ། ཕྱི་མ་སྣང་སྲིད་ཡེ་རྫོགས་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་ཤེས་པའི་ངང་ནས་བཟླ་བ་སྤྱི་སྔགས་འདིའི་བཟླ་ལུགས་སུ་བཤད་པའང་ཤེས་པར་བྱ། སྔགས་དོན་ནི། ཨོཾ་ཡེ་ཤེས་ལྔ་འདུས་པ། གུ་ཧྱ་ཛྙཱ་ན་གསང་བའི་ཡེ་ཤེས། བྷོ་དྷི་ཙིཏྟ་བྱང་ཆུབ་ཀྱི་སེམས། མ་ཧཱ་སུ་ཁ་བདེ་བ་ཆེན་པོ། རུ་ལུ་རུ་ལུ་ལ་རྭ་ཊཱི་ཀ་ཏུ་ལྷ་དང་སྦྱར་ཚུལ་ཙམ་ལས་མ་བཤད། གཞན་དུ་རུ་ནི་རུ་འཛོ་སྟེ་འཇིག་པར་གྱིས། ལུ་ནི་ལུ་ཉ་སྟེ་ཆོད་ཅིག་པ། དེ་ཉིད་གཉིས་སྨོས་པ་ཚིནྡྷ་ཚིནྡྷ་ཞེས་པ་ལྟ་བུ་དང་། སྒྲུབ་ཆེན་བཀའ་བརྒྱད་ལས། རུ་རཱ་ག་ཆགས་པ་ཆེན་པོ། ལུ་ལུམ་བི་ཀུན་བཟང་ཡུམ་གྱི་མཁའ། རུ་ར་ཛོ་ཉོན་མོངས་དབང་དུ་བསྡུས་པ། ལུ་ལོ་ཀ་སྲིད་གསུམ་དབང་དུ་སྡུད་པ། ཧཱུྃ་དགྱེས་པ་ཆེན་པོས་སྤྲུལ་པ་འགྱེད་པ། བྷྱོ་ཆོས་ཀྱི་དབྱིངས་སུ་འཇིག་རྟེན་པ་གནས་གྱུར་པ། ཧཱུྃ་ཐ་མ་ཡོན་ཏན་ཚད་མེད་པའི་རིན་པོ་ཆེ། ཕཊ་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོར་བསྐུལ་བ་ཞེས་སོགས་མང་པོ་བཤད། གྲུབ་ཆེན་བརྒྱད་དངོས་སུ་འགྲུབ་པར་གསུངས་པའི་འགྲུབ་ཚུལ་ནི། རྣལ་འབྱོར་མའི་ཚོགས་དབང་དུ་འདུས་པ་ན་དེ་དག་གིས་གྲུབ་པའི་རིལ་བུ་དང་མིག་སྨན་རལ་གྲི་སོགས་དངོས་སུ་སྟེར་བ་དང་། དེ་དག་དང་སྙོམས་འཇུག་གི་བདེ་བ་བསྟེན་པ་ཉིད་མཁའ་སྤྱོད་སོགས་དངོས་སུ་འཐོབ་བྱེད་དུ་འགྲོ་བ་སྒྱུ་འཕྲུལ་ལས། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་པ་ལྟ་བུའང་ཡོད་པར་མངོན། འདིར་མངའ་བདག་ཉང་ཡེ་ཤེས་མཁའ་འགྲོས་རིན་པོ་ཆེའི་ཁྱོགས་ལ་བཞག་སྟེ་པི་ཝཾ་བརྡུང་བའི་སྒྲ་དང་བཅས་བདེ་བ་ཅན་གྱི་ཞིང་དུ་ཁྱེར་ཏེ། ཞག་བདུན་དུ་ཞིང་གི་བཀོད་པ་གཟིགས་ནས་སླར་ཡང་རང་གནས་སུ་བྱོན་པའི་ཚེ་ཕྱོགས་དེར་མེ་ཏོག་གི་ཆར་བབས་པ་ཀུན་གྱིས་མཐོང་བ་དང་། ཆོས་རྒྱལ་རིན་ཆེན་ཕུན་ཚོགས་དང་། འཕྲང་འགོ་གཏེར་ཆེན་མཁའ་འགྲོས་པདྨ་འོད་དུ་ཁྲིད་དེ་སློབ་དཔོན་དང་མཇལ་བའི་ལོ་རྒྱུས་སོགས་ཀྱང་སྦྱོར་བཏུབ། ཚེ་འདིར་གྲུབ་མཐའ་མ་སྙེགས་ནའང་ཀུན་མཁྱེན་ཉིད་ཀྱི་རྡོ་རྗེའི་གླུ་ལས། གནས་བཟང་མི་མེད་ལུང་སྟོང་ཕ་གཞིས་སུ་བཟུང་ནས། ལྕེ་བཙུན་ཆེན་པོའི་རྣམ་ཐར་མ་འཁྱོང་ངོ་ཟིན་ན། །མཁའ་སྤྱོད་དབུ་མའི་ལམ་ལ་བཙན་ཐབས་སུ་འཁྲིད་པའི། །ང་ཡི་ཡེ་ཤེས་མཚོ་རྒྱལ་བསུ་མ་ལ་ཕེབས་ཤོག །ཅེས་གསུངས་པ་ལྟར་འཆི་ཁ་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དྲན་པས་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་བྱོན་ནས་རིག་པ་འཛིན་པའི་ཞིང་དུ་འཁྲིད་པ་སོགས་ཀྱང་ཡོད་དེ་ཞར་བྱུང་ཙམ་མོ། །བསྙེན་ཡིག་ཏུ་ཕྲན་ཚེགས་ཀྱི་དངོས་གྲུབ་གཞན་སོགས་ཁོངས་སུ་བསྡུས་ནས་དངོས་སུ་ཟིན་པ་ལ། ཉིན་པར་མི། ནུབ་མོ་མཁའ་འགྲོ། ནངས་ནུབ་ཏུ་ཟས་འདུ་བ་སྟེ་འདུ་བ་གསུམ་ཙམ་འབྱུང་། དེ་གསུམ་གྱིའང་གཙོ་བོ་ནི་མཚན་མོ་མཁའ་འགྲོ་འདུ་བ་ཉིད་ཡིན་ཏེ། དཔལ་རྡོ་རྗེ་མཁའ་འགྲོ་ལས། ཡུལ་འདི་རྣམས་ཀྱི་བུ་མོ་གང་། །དཔའ་བོ་རྣམས་ནི་དངོས་གྲུབ་སྟེར། །རྟག་ཏུ་མཚན་མོར་སྤྱོད་པ་དང་། །རྟག་ཏུ་མཚན་མོ་འདུ་བར་བྱེད། །མཁའ་ལ་སྤྱོད་པ་ཪྙེད་དཀའ་བའི། །དངོས་གྲུབ་ཆེན་པོ་སྟེར་བར་འགྱུར། །ཞེས་སོ། །མཁའ་འགྲོའི་སྒྲུབ་གཞུང་ཕལ་ཆེ་བ་ན་གྲུབ་རྟགས་དབང་གི་ཕྲིན་ལས་ལ་རྩལ་ཐོན་པ་འདི་ཉིད་གཙོ་བོར་བཤད་པའི་རྒྱུ་མཚན་ནི། རྣལ་འབྱོར་རྒྱུད་དུ། བུད་མེད་ཆགས་པས་འགྲོ་བ་འདུལ་བྱེད་ཕྱིར། སོགས་དང་། རྡོ་རྗེ་སྙིང་པོ་རྒྱན་ལས། འདིར་ནི་གཉིས་པོ་འཁྱུད་པ་ཡི། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །ཞེས་སོགས་ལྟར་རྒྱུད་སྡེ་གོང་འོག་ན་ཡེ་ཤེས་ཀྱི་ལྷ་མོ་ཇི་སྙེད་བསྟན་པ་ཐམས་ཅད་འདོད་ཆགས་ལམ་བྱེད་ཀྱི་ཆེད་ཡིན་ལ། ལྷག་པར་རྣལ་འབྱོར་བླ་མེད་ཀྱི་ལྷ་མོ་ཐམས་ཅད་སྒྲུབ་པ་པོ་ལ་ལྷན་སྐྱེས་ཀྱི་བདེ་བ་སྟེར་བའི་ཆེད་དུ་བཞེངས་པ་ཤ་སྟག་ཡིན་པས་མཁའ་འགྲོའི་ལྷ་སྔགས་ཡེ་ཤེས་མཛད་པ་ཕྲིན་ལས་ཐམས་ཅད་བདེ་བའི་རྣལ་འབྱོར་གྱི་སྟེང་ནས་འགྲོ་དགོས་ཤིང་། དབང་སྡུད་ཀྱི་གསང་གནད་མཐར་ཐུག་བདེ་བའི་ཏིང་འཛིན་ཡིན་པས་མཁའ་འགྲོའི་བསྙེན་སྒྲུབ་ལས་སུ་ལུང་བ་ན་ཆེད་དུ་མ་བསྒྲུབ་ཀྱང་རང་ཤུགས་ཀྱིས་སྣོད་བཅུད་དབང་འདུ། དམིགས་པ་གཏད་པ་ཙམ་གྱིས་གཞན་སྣང་སྒྱུར་ནུས་པ་སོགས་འབྱུང་བ་ཡིན། ཕྲིན་ལས་ཁ་སྒྱུར་གཞན་དུ་ཤེས༔ ཞེས་པ་ནི་ནང་སྒྲུབ་སྟེ། ལས་ཚོགས་བཅོ་ལྔ་པ་དང་བཅོ་བརྒྱད་པ་སོགས་ཞི་བ་དང་། །དང་པོ་ནས་བཞི་པའི་བར་སོགས་རྒྱས་པ། ལྔ་པ་དང་བཅུ་པ་དབང་། བཅུ་གསུམ་པ་དང་བཅུ་བཞི་པ་སོགས་མངོན་སྤྱོད་ཀྱི་ལས་སྒྲུབ་སྟེ། ཕྲིན་ལས་རྣམ་པ་བཞིའི་བྱེ་བྲག་མཐའ་ཡས་པ་ཞིག་ཚང་བར་ཡོད་དོ། །འདི་དག་ནི་རྩ་བ་གསུམ་དུ་འབྱེད་ཚེ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཞེས་གྲགས་ཤིང་། ལྷག་པར་སྔར་སྨོས་པ་བཞིན་རྗེ་བཙུན་སྒྲོལ་མ་ཕྲིན་ལས་ཀྱི་ལྷའི་མཆོག་ཡིན་པས་ལས་ཚོགས་སྒྲུབ་བྱེད་གཞན་ལས་ཕུལ་དུ་བྱུང་བར་གནས་སོ། །གྲུབ་དབང་བྱང་ཆུབ་རྡོ་རྗེའི་གསུང་རྒྱུན་འཛིན་པའི་དངོས་སློབ་ཁ་ཅིག་ཡི་གེར་པདྨོ་ཡོ་གི་ནིའི་སྔགས་མཐར་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་པ་རྐྱང་པ་བཏགས་ནས་བཟླ་བ་ཞིག་ཀྱང་བཀོད་པ་མཐོང་སྟེ། ལས་སྒྲུབ་འདི་དག་གི་སྔོན་དུ་ཡེ་སེམས་སེང་ལྡེང་ནགས་སྒྲོལ་ལ་དམིགས་ནས་དེ་ཉིད་འབུམ་ཕྲག་ཅི་རིགས། ཐུན་མཚམས་སུ་ཕྱག་འཚལ་ཉེར་གཅིག་གང་མང་ཚོགས་མཆོད་བཅས་གཏོང་རྒྱུ་བྱུང་ན་ལེགས་སམ་སྙམ། ལས་གང་བྱེད་ཀྱི་ཚེ་དམ་ཚིག་སེམས་མ་ཡང་སྒྲོལ་མ་དེ་དང་དེའི་ངོ་བོ་ལྷག་པར་ང་རྒྱལ་བཟུང་བ་གནད་དུ་ཆེ་བ་འདྲ། ལས་མཐའ་མེ་མཆོད་ཉིད་ལ་གཏད༔ ཅེས་གསུངས་པ་ནི། དེ་མ་ཐག་པར། རྣོ་ལ་ངར་གྱིས་གདགས་པ་བཞིན༔ ཞེས་པ་ལྟར་རྣོ་འདོན་དུ་དགོངས་པ་ལས་མེད་དུ་མི་རུང་བའང་མིན་ཏེ། ཀླུ་དབང་དགོངས་རྒྱན་དུ། ལས་ཚོགས་ཉེར་གཅིག་གི་སྒྲུབ་ལུགས་གསུངས་པ་བཞིན་ནོ། །ཚོགས་མཆོད་ཀྱི་རྫས་གཙོ་བོ་བ་ལང་ཤ་དང་ཆང་ཡིན་ལ། བྱིན་ཪླབས་སྐབས། ཐོད་པ་གསུམ་གྱི་སྒྱེད་པུར་ཀ་པཱ་ལའི་ནང་རྫས་ཨོཾ་ཨཱཿཧཱུྃ་རྣམས་འོག་གི་རླུང་གཡོས། མེ་སྦར་ཞུ་བ་ལས་ཤ་ལྔ་བདུད་རྩི་ལྔར་གྱུར་ཏེ་ཟླ་བའི་ཁ་ཆོད་རྡོ་རྗེ་རྩེ་ལྔ་ཁོང་སེང་ཅན་ལས་འཕྲོས་པའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཐིམ་པས་བདུད་རྩིའི་ལོངས་སྤྱོད་འདོད་ཡོན་གྱི་སྤྲིན་ཕུང་འབྱུང་བར་བསྒྱུར་བ་རྭ་ཊཱི་ཀ་ཏུ་བཤད་ཀྱང་ཐོད་པའི་རྫས་རྣམས་ཨོཾ་ཨཱཿཧཱུྃ་ལས་ཤ་ལྔ་བདུད་རྩི་ལྔའི་ཕུང་པོ་གྱུར་པ་འོག་གི་རླུང་མེས་བཞུ་ཞེས་བྱས་ན་འཐད་ཅིང་། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཞེས་པས་རྡོ་རྗེའི་ཁོང་སེང་འབྲུ་གསུམ་གྱིས་མཚན་པའི་འོད་ཀྱིས་བདུད་རྩི་དགུག་པ་འགྲིགས་པར་མངོན་ཏེ། མདོར་ན་མ་མགོན་ལས་གཞུང་བཞིན་བྱའོ། །སྤྱན་འདྲེན་གྱི་ཚེ། གནས་ཉེར་བཞིའི་མཁའ་འགྲོ་འཁོར་བཅས་ཙམ་ལས་གཙོ་མོ་སྤྱན་འདྲེན་པའི་གསལ་ཁ་འགྲེལ་པ་སོགས་ན་མི་སྣང་ཡང་ངེས་པར་ཡོད་དགོས་པས་དེ་སྟོན་བྱེད་ནི། འོག་མིན་གནས་དང་མཁའ་སྤྱོད་ཞིང་༔ ཞེས་པ་འོག་གི། བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ ཞེས་དང་། ཚོགས་ལ་སྤྱན་འདྲེན་སོགས་སྦྱར་བས་འོག་མིན་མཁའ་སྤྱོད་ཀྱི་ཞིང་ནས་གཙོ་བོ་ཡབ་ཡུམ་ཡེ་སེམས་བཅས་སྤྱན་འདྲེན་པ་སྟོན་ནུས་སོ། །དེའང་སྐབས་འདིའི་མཁའ་སྤྱོད་དུ་འཇོག་རྒྱུའི་གཙོ་བོ་ནི་གོང་དུ། གླིང་གི་གླིང་མཆོག་རྔ་ཡབ་གླིང་༔ དོན་ལ་འོག་མིན་བདེ་ཆེན་ཞིང་༔ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནས༔ ཞེས་རྐང་པ་གསུམ་གྱིས་རྔ་ཡབ་དཔལ་རི་འོག་མིན་དང་རྣམ་དབྱེར་མི་ཕྱེད་པའི་མཁའ་སྤྱོད་སྤྲུལ་པའི་ཞིང་དུ་བསྟན་པར་རྭ་ཊཱི་ཀ་གིས་བཤད་པ་ལྟར་དཔལ་རི་པདྨ་འོད་ཀྱི་ཞིང་ཉིད་ཡིན་ཏེ། འདི་ས་སྤྱོད་ཡིན་ཡང་མཁའ་སྤྱོད་ཀྱི་གཙོ་བོ་དངོས་སུ་བཞུགས་ཤིང་དག་པ་མཁའ་སྤྱོད་དང་ཡོན་ཏན་མཚུངས་ཤིང་མཉམ་པས་མཁའ་སྤྱོད་ཅེས་བཤད་དེ། དཔེར་ན་ཐུགས་ཀྱི་འཁོར་ལོའི་གནས་བརྒྱད་པོ་ས་སྟེང་པ་ཡིན་ཡང་སྔོན་ནམ་མཁའ་ནས་འོངས་པའི་ལྷས་བཟུང་བས་ས་བླར་བཏགས་པ་བཞིན་ནོ། །ཟུར་ཕྱི་མ་ར་ཊཱི་ཀ་ན་ཡང་སྣང་། ཡང་ཡུལ་ཆེན་ཉེར་བཞིའི་ནང་ནས་གཙོ་མོ་བཞུགས་པའི་གནས་ཀྱི་མཆོག་ནི་ཨོ་རྒྱན་ཡུལ་ཏེ། གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནས༔ ཞེས་དང་། སུན་བཟློག་ཆེན་མོའི་ལས་དཀྱིལ་སྐབས། ཨོ་རྒྱན་དྷུ་མ་ཐ་ལ་གཙོ་བོར་གྱུར་པའི་མཐའ་བསྐོར་དུ༔ ཞེས་གནས་ཆེན་གཞན་རྣམས་དེའི་འཁོར་དུ་བཞག་སྣང་ངོ་། ཕྱེད་སྤྲུལ་རང་བཞིན་སྤྲུལ་པའི་ཞིང་ནས་བདེ་ཆེན་དཀར་མོ་སོགས་སྙིང་པོའི་རྣལ་འབྱོར་མ་བཞི་སྤྱན་འདྲེན་པའང་རྐང་པ་དང་པོའི་འདིའི་སྟེང་ནས་བཤད་དུ་རུང་ངོ་། །ཕྱིའི་ཚོགས་མཆོད་ཀྱི་སྐབས་སུ་སྤྱི་བོ་ཛ་ལན་དྷ་ར་སོགས་གསུངས་པ་ནི། གནས་ཡུལ་དེ་རྣམས་ཕྱི་རོལ་ཏུ་མི་བལྟ་བར་སྤྱི་བོ་སོགས་རང་ལུས་ཀྱི་ཆ་དེ་དང་དེའི་རང་བཞིན་དུ་ཤེས་པས་ཚོགས་མཆོད་ཕུལ་ན་ཕྱིའི་དཔའ་བོ་མཁའ་འགྲོ་མཉེས་པ་ཉིད་ཀྱིས་ནང་རྩ་ཐིག་གི་སྐྱོན་དང་རྒུད་པའི་ཆ་རྣམས་སེལ་ཞིང་ཡོན་ཏན་གོང་འཕེལ་དུ་འགྲོ་བའི་ཐབས་མཁས་སུ་གྱུར་པ་ལ་དགོངས་པར་བཤད་ན། སུན་བཟློག་ངོ་མཚར་སྣང་བའི་ཡིག་ཆུང་གི་དོན་དང་འབྱོར་ཏེ། དེའི་རིགས་པས་ཕྲ་བའི་ལུས་དཀྱིལ་ལ་ཕྱི་རོལ་གྱི་ཡུལ་ཆེན་དང་དེ་ན་བཞུགས་པའི་དཔའ་བོ་ཌཱཀྐི་དངོས་སུ་ང་རྒྱལ་བཞག་སྟེ་ཚོགས་ལ་རོལ་པས་གནས་ཡུལ་གྱི་མཁའ་འགྲོ་མཉེས་ཤིང་དབང་དུ་འདུ་བའང་མཚོན་ནུས། ཚུལ་འདི་བསྙེན་དམིགས་སུ་ཡང་འཁྱེར་ཆོག་གོ། །ཛ་ལནྡྷ་ར་སོགས་བརྒྱད་ཚན་དང་པོ་ཐུགས་ཀྱི་འཁོར་ལོ། དེའི་ལྷ་རྣམས་སྐུ་མདོག་སྔོན་པོ། །གཉིས་པ་གསུང་འཁོར། ལྷ་རྣམས་དམར་པོ། གསུམ་པ་སྐུ་འཁོར། ལྷ་རྣམས་དཀར་པོ། གསུམ་ཀའི་དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་རྡོར་དྲིལ། འོག་མ་གཡས་ན་ཌཱ་མ་རུ་གཡོན་ཁ་ཊཱྃ་ཀ ཐོར་ཚུགས་དང་དར་དཔྱངས་ཅན། རྣལ་འབྱོར་མ་རྣམས་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན། སྐྲ་གྲོལ་བ། དེ་ཐམས་ཅད་སྤྱན་གསུམ་པ། རུས་རྒྱན་ཅན་ནོ། བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ ཞེས་པ་མཁའ་འགྲོ་ཡབ་ཡུམ་ཉེར་བཞི་དང་། མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཞེས་པ་དེ་དག་གི་འཁོར། དབུ་སྐྲ་ཐོར་ཚུགས་སོགས་དཔའ་བོ། །ལྕང་ལོའི་ཟར་བུ་སོགས་མཁའ་འགྲོ་མ་ལ་འགྲེལ་པར་བཤད་དོ། །གནས་ཆེན་དང་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་བཤད་པ་རྒྱས་པ་གལ་ཆེ་ཡང་འགྲེལ་པ་དང་བདེ་མཆོག་གི་སྐོར་རྣམས་ནས་ཤེས་དགོས་པས་མ་སྨོས། ཆད་ཐོའི་སྐབས། གང་ལ་ཐ་ཚིག་སྒྲོག་པའི་ཡུལ་གྱིས་ཟིན་མི་འདུག་ཀྱང་སྙིང་ཐིག་འདི་དང་ཁྱད་པར་སྒྲུབ་གཞུང་འདིའི་སྲུང་མ་རྣམས་ཕྱིའི་ཁོར་ཡུག་ལ་སྤྲིན་འཁྲིགས་པ་ལྟར་བཞུགས་པར་དམིགས་ཏེ། སྔོན་གྱི་བྱུང་བ་བརྗོད་ནས། བདག་ནི་རིག་འཛིན་དེ་ཡི་གདུང་༔ ཁྱེད་ནི་ལྷ་འདྲེ་དི་ཡི་རིགས༔ ཞེས་པ་ལྟར་མཛའ་གཞུང་སྦྲེལ་ཏེ་ཕྲིན་ལས་བཅོལ་བ་ཡིན། བསྟན་མ་མཆོད་པའི་ཚིག་མཐར། མ་མ་ཧྲིང་ཧྲིང་སོགས་རིགས་འདུས་བཞིན་ཡོད་པར་འགྲེལ་པ་ནས་འབྱུང་ཞིང་། གོང་དུ་ལྷག་ཆོག་གི་ཕཻམ་ཞེས་པར་འབར་བའི་ཕྱག་རྒྱ་དཔྲལ་བར་སྐོར་བའང་དེའི་དགོངས་པར་སྣང་མོད། ད་ལྟ་དེ་དག་མི་འདུག་པ་ནི་ཡི་གེ་དང་ཕྱག་ལེན་འཆུགས་པའི་སྐྱོན་ནོ། །རྟ་བྲོའི་ཐད་དུ། ཕག་མོའི་ཁ་ཊཱྃ་ལས་རྟ་མགྲིན་གྱི་དམག་དཔུང་སྤྲོས་ཏེ་གླུ་བྲོ་མཛད་པས་དམིགས་ཞེས་ཀྱང་འགྲེལ་པ་ལས་སོ། །དེ་མན་ཆད་གསང་བ་སྤྱིའི་འགྲོས་དང་གོང་དུ་བཤད་པ་སོགས་ལས་ཤེས་ནུས་པར་བསམ་སྟེ་མ་སྤྲོས་སོ། །

རིག་འཛིན་ཡུམ་ཀ་བདེ་ཆེན་རྒྱལ་མོའི་སྒྲུབ་གཞུང་གི་ཟིན་བྲིས་བདེ་ཆེན་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བ་འཇིགས་མེད་བསྟན་པའི་ཉི་མས་རང་བཞིན་གྱིས་བརྗེད་ཐོ་དང་། དཔྱད་གཞིར་བསམ་ནས་བསྒྲིགས་པ་སྟེ། ཡི་གེ་པ་ནི་ཆོས་ཀྱི་གྲགས་པས་བགྱིས་པ་དགེ་ཞིང་བཀྲ་ཤིས་གྱུར་ཅིག བླ་མེད་ཀྱི་དབང་མ་ཐོབ་པ་ལ་བསྟན་པར་མི་བྱའོ། །སརྦ་མངྒ་ལཾ།

རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ།

ཡུམ་ཀ་བདེ་ཆེན་རྒྱལ་མོ།

Further information:

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept