In Praise of Sönam Palge—Tibetan
༄༅། །བསོད་ནམས་དཔལ་དགེ་ལ་བསྟོད་ཅིང་གསོལ་བ་བཞུགས་སོ།།
ན་མོ་གུ་རུ།
གང་གི་མཚན་ཡང་བསོ༵ད་ནམ༵ས་གཏེར། །
རྣམ་ཐར་མཁས་པ་དགའ་བའི་དཔ༵ལ། །
གསོལ་བ་བཏབ་ན་དངོས་གྲུབ་ཀྱི། །
དགེ༵་ལེགས་ཀུན་འབྱུང་བླ་མ་རྗེ། །
རིགས་ལས་བཙུན་པ་སྨུག་པོ་གདོང་། །
དེ་ཡི་ནང་ན་རྗེའུའི་རིགས། །
ཡ་རབས་དྲ་མའི་ཁྱིམ་དུ་འཁྲུངས། །
བལྟམས་པའི་ལོ་ནི་ལྕགས་ཕོ་སྤྲེལ། །
སྐུ་བོང་ཆེ་ལ་སྐྱེ་མཆེད་གཙང་། །
ཁོ་ལག་ཡངས་ཤིང་ཉམས་སྟོབས་ལྡན། །
དབུ་ནི་གདུགས་ལྟར་རྒྱས་པ་སྟེ། །
རོ་སྟོད་སེང་གེ་འདྲ་བར་སྣང་། །
བློ་གསལ་སྨྲ་མཁས་སྙིང་སྟོབས་ཆེ། །
དཔའ་ཞིང་བརྟན་ལ་བརྟུལ་ཕོད་པ། །
དེས་ལ་ཤིན་ཏུ་གཞུང་རབ་བཟང་། །
སྙིང་རྗེར་ལྡན་ཞིང་ཆོས་ལ་དགྱེས། །
དེ་ལྟར་ཡོན་ཏན་རང་བཞིན་གྱི། །
དམ་པའི་རིགས་ཀྱི་པདྨ་དེ། །
དང་པོར་རྡོ་རོང་རྫོགས་ཆེན་པའི། །
གདམས་ངག་ཆུ་ཡིས་མང་དུ་གསོས། །
དེ་ནས་མཁས་གྲུབ་གཞན་མང་བསྟེན། །
འཕགས་བོད་པཎ་ཆེན་གཞུང་ལ་སྦྱངས། །
དབང་ལུང་མན་ངག་བདུད་རྩི་ཡིས། །
བུམ་པ་བཟང་པོ་འདྲ་བར་གྱུར། །
སེམས་སྦྱོང་བདུན་དང་བསྐྱེད་རྫོགས་ལམ། །
ཁྱད་པར་འོད་གསལ་སྙིང་ཐིག་གི། །
རྣལ་འབྱོར་རྩེ་གཅིག་སྦྱངས་པའི་མཐུས། །
ཟབ་མོའི་ཏིང་འཛིན་ལས་སུ་རུང་། །
བརྟུལ་ཞུགས་གྲུབ་པའི་ཁྱུ་རྒྱལ་དང་། །
ལྷན་ཅིག་རྡོ་རྗེའི་གནས་ཆེན་ཉུལ། །
དཔའ་བོ་ཌཱཀྐིའི་བྱིན་རླབས་ཀྱི། །
རྒུན་ཆང་འཐུང་བས་རྟག་ཏུ་བཟི། །
སྲོག་ཐུར་དབུ་མའི་དབྱིངས་སུ་དེངས། །
གཏུམ་མོའི་འོད་ཀྱིས་གཉིས་སྤང་ཁྱབ། །
དཔྱིད་ཀྱི་དགའ་བ་མཆོག་ཏུ་རྒྱས། །
ངེས་དོན་དབུ་མའི་བདེན་པ་གཟིགས། །
བརྟན་གཡོ་མཐའ་དག་བདེ་བར་ཤར། །
བདེ་ཆེན་རོལ་མོས་ཉིན་མཚན་འདའ། །
སྡུག་བསྔལ་སྲིད་པའི་འཇིག་རྟེན་འདིར། །
སེང་གེ་བཞིན་དུ་འཇིགས་མེད་རྒྱུ། །
བཤད་པ་མཁས་ཤིང་རྩོམ་པ་བཟང་། །
དྲིས་ན་ཟབ་ཅིང་བརྟགས་ཐུབ་པས། །
སྔགས་ཤེས་རིན་ཆེན་ཚོགས་ནང་ན། །
བསྲེགས་བཅད་བདར་བའི་གསེར་དང་འདྲ། །
འགྲོ་བའི་བླ་མ་འཇིག་རྟེན་མིག །
ཨོ་རྒྱན་ཆོས་ཀྱི་དབང་པོ་སོགས། །
སྐྱེས་མཆོག་མང་པོའི་བླ་མར་མཛད། །
སྙིང་ཐིག་ཆོས་ཀྱི་སྡོང་པོ་ཡིན། །
འོན་ཀྱང་སྦས་པའི་བརྟུལ་ཞུགས་བཟུང་། །
ཁྱིམ་སྔགས་ཕལ་པའི་ཚུལ་དག་གིས། །
མཐོང་ཐོས་འགྲོ་བའི་དོན་ཆེན་སྒྲུབ། །
གཏིང་མེད་རྣམས་ལ་ཅ་ཅོ་ཉུང་། །
ལོ་ནི་བརྒྱད་ཅུ་རྩ་ལྔའི་བར། །
སྐུ་ལུས་ཡང་ལ་སྙུན་དང་བྲལ། །
དེ་ནས་འཇམ་དཔལ་མཚན་བརྗོད་གཞུང་། །
འདོན་བཞིན་ཞི་བའི་དབྱིངས་སུ་གཟིམ། །
བདག་འདྲའང་གྲུབ་པའི་ཧེ་རུ་ཀ །
ཁྱོད་ཀྱི་ཞབས་རྡུལ་ལ་རེག་པས། །
སྐལ་བཟང་སྙམ་ནས་དགའ་བ་སྐྱེས། །
གུས་བཅས་ལན་བརྒྱར་ཐལ་མོ་སྦྱོར།། །།