Answers on Dzogchen—Tibetan
༄༅། །རྫོགས་ཆེན་དྲིས་ལན།
ན་མོ་གུ་རུ། ད་ལམ་རྗེ་ཉིད་ཀྱིས་རྫོགས་ཆེན་ཕྱོགས་ལས་བརྩམས་པའི་བཀའ་འདྲི་འགའ་ཞིག་གནང་བ་འདི་རིགས་ལ་རང་འདྲ་བའི་བློ་དམན་གྱིས་ཇི་བཞིན་ཞུ་བའི་རྔོ་ཐོགས་དཀའ་ཡང་འཕྲལ་དུ་གོ་ཚོད་ཕྱོགས་ཙམ་སྙན་དུ་གསོལ་ན། དྲི་བ་དང་པོར། རྫོགས་ཆེན་གྱི་གཞུང་དུ་གཞི་ལ་འཁྲུལ་གྲོལ་གྱི་གཞི་གཉིས་སུ་དབྱེ་བའི་གྲོལ་གཞི་ཕྱོགས་ཙམ་གོ་རུང་། འཁྲུལ་གཞི་གྲོལ་གཞིར་ལྷུན་གྲུབ་ཏུ་འདོད་པ་ནི་གཞི་སྐྱོན་ཅན་གྱི་ཁས་བླངས་ལགས་ན། འཁྲུལ་གཞི་འདི་གློ་བུར་བ་ཞིག་ཡིན་ནམ་མིན་ཞེས་འདི་ལ། བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ་། །ཞེས་གསུངས་པ་ལྟར། འོད་གསལ་གཉུག་མའི་སེམས་གཅིག་པུ་དེ་ཀ་ངོ་མ་ཤེས་ན་འཁྲུལ་པའི་གཞི་དང་། ངོ་ཤེས་ནས་བརྟན་པ་ཐོབ་ན་གྲོལ་སར་འགྱུར་ཏེ་སྔ་མ་གཞི་དང་ཕྱི་མ་འབྲས་བུའི་གནས་སྐབས་ཡིན་པས་དེ་གཉིས་གཅིག་ཏུ་སྨྲ་བ་ཀུན་མཁྱེན་ཆེན་པོས་བཀག་ཡོད། གཞིའི་སྐབས་སུ་འཆི་ཐེངས་རེ་བཞིན་འོད་གསལ་དེ་ཡོངས་རྫོགས་འཆར་ཡང་ངོ་མ་ཤེས་པའི་དབང་གིས་སླར་ཡང་འཁྲུལ་པའི་གཟུང་འཛིན་གྱི་ཡོ་ལང་དུ་ལྡོག་ལ། གྲོལ་སར་སླེབས་དུས་རང་ཐོག་ཏུ་བཙན་ས་ཟིན་པས་ཕྱིར་མི་ལྡོག་པའི་ཁྱད་པར་ཡོད། གཞིའི་དུས་སུ་རང་ངོ་མ་ཤེས་པས་རང་རྩལ་འཁྲུལ་པར་ཤར་བ་འདི་ལ་དཔྱད་པ་ཉིད་ཀྱིས་འཁྲུལ་པའི་གཞི་བྱེད་པ་དེ་འོད་གསལ་ཁོ་རང་གི་གཉུག་མའི་རང་གཤིས་མིན་པར་རྟོགས་ནུས་ཏེ། དེ་ལྟར་མ་ཡིན་ན་དེའི་རང་ངོ་ཇི་ལྟར་ཤེས་ཤིང་ཇི་ལྟར་རྩལ་རྫོགས་པ་དེ་ལྟ་དེ་ལྟར་སྲིད་པའི་འཁྲུལ་སྣང་མཆེད་རིགས་པར་ཐལ་བའི་ཕྱིར་རོ།།དེའི་ཕྱིར་འཁྲུལ་གཞི་དང་གྲོལ་ས་གཅིག་ཏུ་མི་འདོད་ཅིང་འཁྲུལ་གཞིར་འདོད་པའི་གཞིའི་འོད་གསལ་གློ་བུར་བའི་ཆོས་སུའང་ཁས་མི་ལེན་པས་ཀ་དག་ལྷུན་གྲུབ་གཉིས་ཕྱོགས་རེར་བཅད་པའི་འདོད་ཚུལ་རྣམས་དང་མི་འདྲ་སྙམ་པ་ལགས། བཀའ་དྲི་གཉིས་པ། གཞི་ལ་འཁྲུལ་པ་མ་གྲུབ་ཀྱང་གཞི་སྣང་གི་རྩལ་ལ་བཟང་ངན་དུ་འཛིན་པས་འཁྲུལ་པ་དེ། དེ་ལྟར་འཁྲུལ་མཁན་གྱི་རླུང་སེམས་ཐ་དད་ཅིག་ཡོད་པ་ཡིན་ནམ་ཞེས་གསུངས་པ་ལ། གཞིའི་འོད་གསལ་འཁྲུལ་པའི་ངོ་བོར་སྐྱེས་མ་མྱོང་ཞིང་མི་སྲིད་པས་ཡེ་གྲོལ་དང་གདོད་ནས་རྣམ་དག་དང་ཀ་དག་སོགས་སུ་བརྗོད་ལ། གཞི་སྣང་ལ་འཛིན་པ་ཞུགས་པའི་རླུང་སེམས་དེ་མ་འཁྲུལ་ཟེར་མི་ནུས་པས་དེ་གཉིས་མི་གཅིག་ཅིང་ཐ་དད་དུ་འཇོག་དགོས་ཀྱང་། འཁྲུལ་པ་འོད་གསལ་མིན་ཡང་འོད་གསལ་སྤངས་པའི་འཁྲུལ་པ་ཅིག་མེད་པར་རིག་འཛིན་གོང་མས་གསུངས་པ་ལྟར་དེ་འདྲའི་འཁྲུལ་པ་དེའི་འོད་གསལ་དེའི་བདག་ཉིད་དང་ངོ་བོ་ཉིད་དུ་ཁས་བླང་དགོས་ཀྱི་རྫས་ཐ་དད་དུ་མི་འཇོག་པར་སེམས་ལགས། གསུམ་པ། ཆོས་སྐུ་ཡེ་ཤེས་རིག་པ་རྣམས་ལ་འཁྲུལ་ནས་ཀུན་གཞི་རྣམ་ཤེས་སེམས་སུ་ལོག་པ་འདི་གསུམ་སྔ་མ་གསུམ་བཅིངས་གྲོལ་ལས་འདས་ཤིང་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་གཤིས་ཅི་ཡང་མ་ཡིན་པ་ལ་ཅི་ཡང་འབྱུང་རུང་མེ་ལོང་དུ་གཟུགས་བརྙན་སྣ་ཚོགས་འཆར་བ་སོགས་ཀྱི་དཔེས་བསྟན་རུང་འཁོར་བར་སྣང་ཙམ་མིན་པ་ཞེན་འཁྲུལ་གྱིས་བཅིངས་པའི་སེམས་ཅན་རྣམས་བྱུང་བའི་གནད་འདི་ཇི་ལྟར་ཡིན་ཞེས་པར། གཞི་ལས་གཞི་སྣང་དུ་གཡོས་ཞེས་པའི་གཞི་སྣང་ནི་སྐུ་དང་འོད་དང་ཐིག་ལེ་སོགས་ཡུལ་སྣང་གི་རྣམ་པ་ཅན་ཁོ་ནར་མི་བྱའི་ཐུགས་རྗེའི་རིག་ཆ་ཕྱིར་གསལ་དུ་མཆེད་པའང་དེར་འཇོག་དགོས་ལ། དེའི་རྩལ་ལམ་ཤུགས་ལས་གསེར་གྱི་གཡའ་དང་ཆུའི་ཉ་ལྕིབས་ལྟར་ཡུལ་ཤེས་སོ་སོར་སྣང་བའི་ཤེས་པ་གློ་བུར་བའི་ཆར་གྱུར་པ་ཕྲ་མོ་དང་པོར་མཆེད་པ་ལ་ཀུན་གཞི་ཞེས་བྱ། དེའི་རླུང་སེམས་ཇེ་རགས་སུ་སོང་བ་ལས་ཚོགས་དྲུག་ཉོན་ཡིད་དང་བཅས་པར་སོང་ལུགས་རྫོགས་ཆེན་གྱི་གཞུང་ཆེན་པོ་རྣམས་སུ། མ་རྟོགས་སེམས་ཅན་གྱི་འཁྲུལ་ཚུལ་བསྟན་པའི་སྐབས་ནས་རྒྱ་ཆེར་བཤད་པ་དེ་ལགས། དེ་ལྟར་ན་རིག་པ་དངོས་ཀ་དག་ཡིན་པས་ཞེན་འཛིན་གྱི་རྣམ་པར་མི་འབྱུང་ཡང་དེ་ལས་ཤར་བའི་སེམས་རགས་པ་རྣམས་ཐ་མལ་པའི་ཞེན་འཛིན་དུ་འཆར་ལ། དེའི་དབང་གིས་འདུ་བྱེད་ཀྱི་ལས་དང་སེམས་ཅན་དང་སེམས་ཅན་གྱི་གནས་རྣམས་འབྱུང་ཚུལ་མཁྱེན་སླ་བ་ལགས། བཞི་པར། འཆི་ཁའི་བར་དོ་དང་པོ་ནམ་མཁའ་སུམ་ཕྲུག་གི་ཉམས་ལེན་དང་གྲོང་འཕོ་སྟོབས་སུ་གྱུར་པ་ལ་སྣང་མཆེད་ཐོབ་པའི་ཐིམ་རིམ་འབྱུང་ངམ་མི་འབྱུང་ཞེས་པར། དེ་དག་གང་ལའང་ཐིམ་རིམ་དེ་འབྱུང་དགོས་པར་སེམས་ཏེ། འོད་གསལ་སྦུབས་འཇུག་གིས་གྲོལ་བ་ནི་འཆི་བའི་འོད་གསལ་གྱི་དུས་སུ་བརྟན་པ་ཐོབ་པ་ཡིན་ལ། འོད་གསལ་དེའི་སྔོན་དུ་ཐིམ་རིམ་དེ་འབྱུང་དགོས་པའི་ཕྱིར་དང་། གྲོང་འཕོ་གྲོང་འཇུག་གིས་གྲོལ་ན་རྣམ་ཤེས་ལུས་ལས་འཐོན་པའི་ཚེ་དག་པའི་གནས་སུ་འཕོ་བ་ཡིན་པ་གང་ཞིག། རྣམ་ཤེས་ལུས་ལས་འཐོན་པ་ནི་ཐིམ་རིམ་གྱིས་དྲངས་པའི་འཆི་བ་འོད་གསལ་གྱི་མཐར་ཡིན་པའི་ཕྱིར་རོ།། ལྔ་པ། རྣམ་ཤེས་སྣང་བ་ལ་ཐིམ་སོགས་ཀྱི་འགྲོས་དང་། རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་འགྲོས་གཉིས་ཀྱི་ཁྱད་པར་གང་ཡིན་ཞེས་པར། རྣམ་ཤེས་ནམ་མཁའ་ལ་ཐིམ་ཚུལ་ཉིད་རྒྱས་པར་ཕྱེ་ན་རྣམ་ཤེས་སྣང་བ་དང་། སྣང་བ་མཆེད་པ་ལ་ཐིམ་པ་སོགས་སུ་འགྱུར་བས་གནད་གཅིག་པ་ལགས། དྲུག་པ། ཁུ་རྡུལ་རླུང་གསུམ་གྱི་ཐིམ་རིམ་འདི་བཙན་ཐབས་སུ་བཅད་པའི་སྦས་དོན་མན་ངག་ཨེ་ཡོད་གསུངས་པར། སྣང་མཆེད་ཐོབ་པའི་ཐིམ་རིམ་འདི་དག་རླུང་ཐིམ་པའི་ཐིམ་རིམ་ཁོ་ནར་བཤད་པ་དང་། ཁུ་རྡུལ་རླུང་གསུམ་གྱི་ཐིམ་རིམ་དུ་བཞག་པའི་བཤད་སྒྲོས་མི་འདྲ་ཙམ་ཡོད་པར་སྣང་། གང་ལྟར་ཡང་ཚེ་འདིར་འཚང་རྒྱ་བ་རྣམས་ནི་མཐོང་བའི་ཆོས་ཉིད་ལ་ཁུ་ཁྲག་རླུང་གསུམ་གཙོ་བོར་གྱུར་པའི་ཕུང་ཁམས་ཀྱི་སྤྲོས་པ་མཐའ་དག་འོད་གསལ་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་རང་དེངས་ལ་སོང་བའི་ཐིམ་རིམ་གྱིས་མཚོན་པའི་སྐྱེ་འཆི་བར་དོའི་རྣམ་བཞག་ཐམས་ཅད་ལས་རིང་དུ་བརྒལ་བ་ཡིན་ལ། དེ་ལས་གཞན་པ་རྣམས་ནི་ཚེ་འདིའི་ཕུང་ཁམས་ཕྲ་རགས་འོད་གསལ་གྱི་དབྱིངས་སུ་ལྷག་མ་མེད་པར་མ་བསྡུས་པར་བར་དོ་འགྲུབ་ཚུལ་མེད་ལ། དཀར་དམར་ནག་གསུམ་གྱི་སྣང་བ་སོགས་ཀྱང་ཁམས་ཕྲ་མོ་བསྡུས་པའི་རྟགས་སྣང་ཡིན་པས་མན་ངག་ཟུར་པ་ཅང་མེད་དམ་སྙམ་མོད། གང་ཟག་གི་ཁྱད་པར་གྱིས་ཐིམ་རྟགས་དེ་དག་ལ་མངོན་ཚན་ཆེ་ཆུང་ནི་སྣ་ཚོགས་ཤིག་འོང་བ་འདྲ། བདུན་པ། འཆི་ཁའི་བར་དོར་གྲོལ་བ་ལ་འཆར་ལུགས་བརྒྱད་དང་ཐིམ་ལུགས་བརྒྱད་འབྱུང་ངམ་མི་འབྱུང་གསུངས་པར། འཆར་ཚུལ་དེ་དག་ནི་འཆི་ཁའི་བར་དོའི་ཕ་རོལ་ལམ་བར་དོ་དེ་རྫོགས་རྗེས་ཀྱི་ཆོས་ཉིད་བར་དོའི་འཆར་ཚུལ་ཡིན་པས་མི་འབྱུང་བར་སེམས་ལགས། བརྒྱད་པ། ཆོས་ཉིད་ཀྱི་བར་དོར་ཞི་སྐུས་གཞན་དོན་དངོས་སུ་མི་བྱེད། ཁྲོ་སྐུས་བྱེད་ཅེས་པ་འདི་ཅི་ལགས་གསུངས་པར། མཆེད་གཞི་སྙིང་གའི་རིག་གདངས་ཞི་སྐུར་ཤར་དུས་ནས་རང་ངོ་ཤེས་ན་གཞན་དོན་དངོས་སུ་བྱེད་ལོང་མེད་པར་དབྱིངས་ཐོག་ཏུ་ཐིམ་པ་ཡིན་ལ་དེ་ལས་མཆེད་པ་དུང་ཁང་གི་ཁྲོ་བོའི་རྟགས་སྣང་ཁྲོ་སྐུར་ཤར་ཚེ་གཞན་དོན་བྱེད་པའི་སྐད་ཅིག་མ་མང་པོའི་རིང་ལ་གནས་པའི་དོན་ཡིན། སྐབས་འདིའི་གཞན་དོན་བྱེད་མི་བྱེད་ཅེས་པའི་གཞན་ནི་རང་ལས་རྒྱུད་ཐ་དད་པའི་གདུལ་བྱ་ལ་མི་བྱེད་ཀྱི་སྟོང་གཟུགས་ལྷུན་གྲུབ་ཀྱི་སྣང་ཆར་འགྲོ་དྲུག་རྨི་ལམ་ལྟར་འཆར་བ་ལ་བཞག་པར་གསུངས་ཏེ། རྒྱས་པར་ཐེག་མཆོག་མཛོད་ཀྱི་བར་དོའི་རིམ་ཁང་ན་གསལ་ལགས། དགུ་པར། སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པས་གྲོལ་ཞེས་པ་འདི་བར་སྲིད་དང་རང་བཞིན་བར་དོའི་སེམས་ཅན་གང་ལགས། རྫོགས་ཆེན་ལ་སྦྱང་བ་ཡོད་མེད་ཐམས་ཅད་ལགས་སམ། གྲངས་སུམ་སྟོང་འདི་ལ་གབ་སྦས་ཡོད་དམ་མེད་ཅེས་པར། དབང་གཉིས་ཀྱི་འཇུག་པ་ལ་དབང་ཐོབ་པའི་སྐབས་སུ་སེམས་ཅན་སུམ་སྟོང་རིག་པ་གཏད་པས་གྲོལ་བར་མཛད་ཅེས་གསུངས་པ་འདིའི་ཐད་ནས་དྲིས་པར་སྣང་སྟེ། དེ་ནི་ཁ་ཅིག་ཏུ་བར་དོའི་སེམས་ཅན་ཞེས་བཤད་པ་རང་བཞིན་བར་དོ་ལ་དགོངས་ཞེས་གསུངས་ཡོད་སྣང་ཤར། དེ་དག་རྫོགས་ཆེན་ལ་སྦྱངས་པའི་སེམས་ཅན་ཡིན་མིན་མི་གསལ་ཡང་སྔོན་གྱི་འབྲེལ་བ་ཡོད་པ་རེ་དགོས་སམ་སྙམ། སུམ་སྟོང་གི་གྲངས་ལ་གབ་དོན་མེད་པ་འདྲ། འདི་རིགས་གཞུང་ནས་གསུངས་པ་དེ་ཀའི་རྗེས་སུ་འབྲངས་པ་མ་གཏོགས་གྲངས་དེ་ལྟར་ངེས་པའི་རྒྱུ་མཚན་སོགས་བཤད་མི་ནུས་པ་འདྲ་སྟེ། རྒྱལ་སྲས་ས་དང་པོ་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པར་གསུངས་པ་སོགས་ཀྱང་ཚུལ་དེ་འདྲ་རེད་ལགས། བཅུ་པར། བར་དོར་གནད་གསུམ་གྱིས་གྲོལ་བ་རྣམས་ལ་ཐིམ་ལུགས་བརྒྱད་ཀྱིས་ཅིག་ཆར་དུ་ཐིམ་པ་དང་། ངོ་མ་ཤེས་ནས་འཁྲུལ་པ་ལ་ཐིམ་ལུགས་བརྒྱད་ཀས་ནང་དབྱིངས་སུ་གཞི་སྣང་ཐིམ་རུང་འཁོར་བ་ལྟར་ཐིམ་པ་ལ་བག་ཆགས་གོམས་ཤུགས་ཆེ་བས་འཁྲུལ་པ་ལགས་སམ་ཞེས་པར། གཞི་སྣང་གྲོལ་སྟོབས་ཀྱིས་ཐིམ་པ་དང་འཁྲུལ་སྟོབས་ཀྱི་ཐིམ་པ་གཉིས་ལས་ཕྱི་མའི་སྐབས་འདིར་སེམས་ཅན་ཐ་མལ་པ་རྣམས་ལ་ཆོས་ཉིད་བར་དོའི་གཞི་སྣང་སྐར་མདའ་རྒྱུག་པའི་ཡུན་ཙམ་ལས་མི་འཆར་ཞིང་ཤར་བ་དང་ཐིམ་པ་གཉིས་ཀ་ངོས་མི་ཟིན་མོད། འོན་ཀྱང་ཐོག་མེད་ནས་བག་ཆགས་གོམས་ཤུགས་ཀྱིས་མ་དག་འཁོར་བའི་སྒོ་ལྟར་ཤར་བའི་ལག་རྗེས་སྟོབས་སུ་གྱུར་ནས་བར་དོ་དང་སྐྱེ་བའི་འཁོར་བ་མཆེད་པ་ནི་ལོས་ཡིན་སྙམ། བཅུ་གཅིག་པར། ཡེ་ཤེས་བཞི་སྦྱོར་སྐབས་ཡེ་ཤེས་གསུམ་པོའི་ལམ་སྣང་ལ་གྲོལ་བ་དེ་ཕྲིན་ལས་རྩལ་མ་རྫོགས་པས་ཡོན་ཏན་ལ་མཆོག་དམན་འབྱུང་ངམ། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལ་ཐིམ་པའི་ལམ་སྣང་ལ་ཕྲིན་ལས་ཀྱི་རྩལ་རྫོགས་པ་ཨེ་ཡིན་གསུངས་པར། ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོག་སྟེ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་ཟེར་དགོས་པས་ཡེ་ཤེས་གསུམ་ཞེས་པ་ནི་ཡི་གེ་ཅུང་མ་དག། བྱ་གྲུབ་ཡེ་ཤེས་ཀྱི་རྩལ་རྫོགས་པ་ནི་ཀ་དག་ཏུ་གྲོལ་དུས་ཁོ་ན་ཡིན་པར་གསུངས་ཏེ། དེའི་དུས་སུ་རྩལ་རྫོགས་ཟིན་པས་ཡོན་ཏན་ལ་མཆོག་དམན་འབྱུང་དོན་མ་མཆིས་པ་ལགས། བཅུ་གཉིས་པ། བསམ་གཟུགས་ཀྱི་ཏིང་འཛིན་འགྲུབ་ཕྱིར་ཨ་བཞི་བརྩེགས་སོགས་སྒོམ་པར་གསུངས་པ་འདིའི་སྒོམ་ཚུལ་ཇི་ལྟ་བུ་ཡིན་ཞེས་པར། ཐོད་རྒལ་གྱི་གཟིགས་སྟངས་དང་བསྟུན། འཇམ་རླུང་ཅུང་ཟད་བཟུང་སྟེ་ཨའི་དོན་སྐྱེ་མེད་དང་། སྐྱེ་མེད་ཅེས་པ་རང་སེམས་ཀྱི་དབྱིངས་གདལ་ཁྱབ་ཆེན་པོར་ཤེས་པའི་ངང་ནས་ནམ་མཁའ་ལ་མིག་གཏད་པའི་སར་ཨ་དམར་པོ་ལྔ་བརྩེགས་བསྒོམས་ནས་རིག་པ་མ་ཡེང་བར་གཏད་པས་དམིགས་མེད་དུ་ཆམ་གྱིས་འགྲོ་བས་དེའི་ངང་ལ་མཉམ་པར་བཞག། ཨ་དཀར་པོ་བཞི་བརྩེགས་སོགས་ལྷག་མ་རྣམས་ལའང་དེ་ཀ་རིགས་འགྲེ་སྦྱར་བས་འགྲུབ། བཅུ་གསུམ་པ། ཡེ་ཤེས་ཀྱི་འོད་རྩ་ཤེལ་སྦུབས་ཅན་འདི་རྫོགས་ཆེན་ལུགས་ཀྱི་དབུ་མ་མཐར་ཐུག་ལགས་སམ། མིག་གཉིས་ལ་ཟུག་པ་འདི་རྩ་དེ་གཉིས་སུ་གྱེས་པ་ལགས་སམ་སོགས་གསུངས་པར། དེ་ཀ་ལྟར་ཡིན་མཆི་སྙམ་པའི་འལ་འོལ་ཙམ་ལས་དཔེ་ཆ་བལྟ་མ་ཐུབ་པས་ཐེག་མཆོག་མཛོད་གཟིགས་པར་ཞུ། བཅུ་བཞི་པ། འཆི་དུས་སྲོག་རྩ་ནས་ཁྲག་ཐིགས་གསུམ་སྙིང་ཁར་བརྒྱབ་པས་སེམས་རིག་འབྲེལ་ཐག་ཆད་ནས་རིག་པ་མིག་ནས་ཐོན་ཅེས་པའི་མིག་འདི་དབང་རྟེན་རགས་པ་ལ་བྱེད་དམ་ཞེས་པར། དེ་དབང་རྟེན་རགས་པ་ཙམ་ལ་མི་བྱེད་ཀྱི་དེར་ཟུག་པའི་འོད་རྩ་རྒྱང་ཞགས་ཆུའི་སྒྲོན་མ་ལ་བྱེད་པ་ཡིན་ཏེ། འདིའི་རྟེན་འབྲེལ་གྱིས་ཆོས་ཉིད་བར་དོའི་སྣང་བ་འཆར་བ་ལགས། བཅོ་ལྔ་པ། སྔ་འགྱུར་གྱི་མན་ངག་ལས་རྩ་རོ་མ་དཀར་རྐྱང་མ་དམར་ཞེས་པར། གཡས་གཟུང་བའི་རླབ། གཡོན་འཛིན་པའི་རླབ་ཅེས་སྦྱོར་ཆོག་གམ་གསུངས་པར་ཆོག་པ་འདྲ་སྙམ། བཅུ་དྲུག་པ། ཀློང་སྙིང་བར་དོའི་སྨོན་ལམ་ལས་དམར་ལམ་སྔོན་དུ་འཆར་བར་བཤད་པའི་གནད་ཅི་ལགས་གསུངས་པར། སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ་ལས་སྣང་བ་གསུམ་གྱི་རྟགས་སྣང་དམར་དཀར་ནག་གསུམ་གྱི་རིམ་པས་སྦྱར་བ་དེ་ལ་དགོངས་པར་མངོན་མོད། བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ་དང་། རྩ་རླུང་རིག་འཛིན་འཁྲུལ་འཁོར། རྣམ་མཁྱེན་ཤིང་རྟའི་གོང་འོང་སོགས་ཀུན་ཏུ་དཀར་དམར་ནག་གསུམ་གྱི་རིམ་པ་སྤྱི་འགྲོས་ལྟར་ཀུན་མཁྱེན་ཉིད་ཀྱིས་བཤད་འདུག་པས་སྔ་མའི་དེ་ཡི་གེ་འཁྲུགས་པའི་དཔེ་སྐྱོན་མིན་པའི་ངེས་པའང་མི་འདུག་སྙམ། བཅུ་བདུན་པ། ཐིག་ལེ་སྟོང་སྒྲོན་གྱི་ར་བར་རིག་པ་ལུག་རྒྱུད་ཚུད་ཐབས་ཁྲེགས་ཆོད་ལ་བརྟན་པ་ཐོབ་ནས་རིག་པ་རླུང་སེམས་ཀྱིས་མི་སྤུར་བ་དང་། གནད་གསུམ་གཟིགས་སྟངས་སོགས་ཀྱིས་གཅུན་ནས་བརྩོན་འགྲུས་ཀྱིས་སྦྱངས་པ་ལས་གཞན་པའི་མན་ངག་ཅང་ཨེ་བཞུགས་གསུངས་པར། སྟོང་སྒྲོན་གྱི་ཕྱི་རོལ་དུ་ལུ་གུ་རྒྱུད་ཤར་བ་དེ་བལྟ་སྟངས་ཀྱིས་སྟོང་སྒྲོན་དེ་ཀའི་དབུས་སུ་རིམ་གྱིས་ཁྲིད་ནས་དེ་ཉིད་ལས་རིག་པ་གཞན་དུ་མི་གཡོ་བར་མདུང་ཚུགས་སུ་གཏད་དེ་སྒོམ་པ་ཁོ་ན་གནད་ཀྱི་གཙོ་བོ་ཡིན་ལ། ལུས་ངག་གི་གནད་གཅུན་པ་སོགས་དེའི་ཡན་ལག་ཏུ་དགོས་པ་ལགས། བཅོ་བརྒྱད་པ། གཉུག་མའམ་ཐ་མལ་གྱི་ཤེས་པ་ཟེར་བ་འདི་སེམས་ཀྱི་རང་བཞིན་དུས་གསུམ་གྱི་རྟོག་པས་མ་བསླད་པའི་རང་བྱུང་གི་ཡེ་ཤེས་དེ་ལགས་སམ། འོན་ཀྱང་ཐ་མལ་དང་ཤེས་པ་ཟེར་དོན་ཅི་ལགས་གསུངས་པར། གཉུག་སེམས་མཛུ་གུ་བཙུག་ས་ཕྱག་བྲིས་འདིར་འཁོད་དེ་ཀ་ལྟར་ཡིན་པ་གཞིར་བཅས་ཀྱང་དོན་འདི་ནི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་རྒྱ་མཚོའི་བརྗོད་བྱ་འགང་ཆེ་ཤོས་ཡིན་པས་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བའི་གཏམ་གྱི་གཞིར་ངེས། དེ་ལ་སེམས་ཀྱི་རྡོ་རྗེ་དང་འོད་གསལ་དང་རང་བཞིན་ལྷན་སྐྱེས་སོགས་ཀྱི་ཐ་སྙད་ནི་བླ་མེད་སྤྱི་ལ་གྲགས་ཤིང་། ཐ་མལ་གྱི་ཤེས་པ་ཞེས་པ་ནི་སྒོས་སུ་རྫོགས་ཆེན་པ་ལ་གྲགས་པར་སྣང་། དེའང་གསོ་རིག་འགྲེལ་པ་ཟླ་ཟེར་དུ་གླལ་བ་དང་སྦྲིད་པ་སོགས་ཀྱི་ཤུགས་མི་དགག་པ་ལ་སོགས་པའི་ཀུན་སྤྱོད་བཤད་སྐབས། ཐ་མལ་པར་གནས་པ་ལ་ནད་མི་འབྱུང་བའི་ཕྱིར་ཞེས་རང་བབས་སུ་གནས་པ་ལ་ཐ་མལ་པར་གནས་པའི་ཐ་སྙད་བརྗོད་པ་ལྟར་གཉུག་མའི་རང་འགྲོས་ལ་སྤངས་བླང་དགག་སྒྲུབ་སོགས་ཀྱི་བཟོ་བཅོས་མ་སོང་བའི་རང་བབས་དེ་ལ་ཐ་མལ་པ་ཞེས་བརྗོད་པ་ལགས། རྫོགས་ཆེན་སྐོར་ནས་འདི་མང་དུ་སྨོས་པའི་རྒྱུ་མཚན་ཡང་རྫོགས་རིམ་གཞན་ལྟར་རྩ་རླུང་ཐིག་ལེའི་སེམས་འཛིན་སོགས་ཀྱིས་གཉུག་སེམས་ལ་བདེ་ཉམས་དང་མི་རྟོག་པའི་ཉམས་སོགས་དབྱུང་ཐབས་མི་འདྲ་བ་མང་པོ་བྱས་ནས་ཡེ་ཤེས་འཆར་ཚུལ་དང་མི་འདྲ་བར་ད་ལྟ་ཀུན་རྟོག་རང་དགའ་མའི་སྟེང་ན་ཡེ་གྲོལ་བསལ་བཞག་ལས་འདས་པའི་རིག་པ་ཟང་ཐལ་རྗེན་པར་བཞུགས་པ་དེ་ཀ་སོར་བཞག་བྱས་ནས་ངོ་སྤྲོད་པ་དང་སྒོམ་པ་ལ་དགོངས་ཏེ། རྩོལ་བྲལ་གྱི་ཐེག་པ་ཞེས་རྒྱ་ཆེར་བསྔགས་པའི་གནད་ཀྱང་འདི་ལ་ཡོད་པ་ལགས། ཤེས་པ་ཟེར་དོན་ནི་དེ་འདྲའི་རིག་པ་དེའི་ངོ་བོ་བེམ་ཆོས་དང་བེམ་སྟོང་སོགས་ཡིན་པ་བཅད་ནས་ཤེས་རིག་གི་ཆར་གྱུར་པ་ཡིན་པར་གོ་ཆེད་ཐ་སྙད་སྦྱར་བ་སྟེ་གོ་སླ། བཅུ་དགུ་པ། མཚན་མེད་རིག་སྟོང་ཟུང་འཇུག་གི་ཉམས་ལེན་སྐྱོང་དུས་རྟོག་པ་ཅི་ཤར་ཡང་ཤར་གྲོལ་རིས་མེད་དང་། དེ་ཡང་གྲོལ་ལུགས་གསུམ་གང་རུང་ལགས་ཀྱང་འོག་འགྱུ་ཤིན་ཏུ་ཕྲ་མོ་གྲངས་མེད་པ་ཡེང་བ་མི་ཚོར་བ་ཞིག་འབྱུང་འདུག་པ། དེ་ལ་ངང་གནས་ཆོས་ཉིད་རང་འབྱུང་གི་དྲན་པའི་རྒྱུན་ཡང་ཡང་བརྟེན་པ་དེ་ཀས་འཁྲུལ་རྟོག་རྒྱ་འབྱམས་ཆོད་དམ་མི་ཆོད་ཅེས་པར། རིག་ཐོག་ཏུ་མཉམ་པར་བཞག་རྩིས་བྱས་རུང་ཅི་ཞིག་ནས་ཀུན་གཞི་ལུང་མ་བསྟན་གྱིས་མགོ་བསྐོར་ནས་སེམས་གནས་ལྟེང་པོ་ཧད་དེ་བ་དང་ཐོམ་མེ་བའི་ངང་ལ་ལུས་ཏེ་འོག་འགྱུ་ཤར་བ་མི་ཚོར་བ་ཞིག་འབྱུང་བ་ནི་མཉམ་བཞག་རང་ས་མ་ཟིན་པ་ཡིན་པས་ཅི་ཙམ་གོམས་ཡང་འཁྲུལ་རྟོག་གི་བག་ཆགས་བཟློག་མི་ནུས་ལ། དེ་ལྟ་མིན་པར་རྣམ་རྟོག་གི་འཆར་སྒོ་བཟང་ངན་ཐམས་ཅད་ལ་བདག་གཉེར་མི་སྤྲོད་པར་འཆར་གཞིའི་རིག་པ་ཟང་ཐལ་གྱི་ངོ་བོ་ཁོ་ནའི་སྟེང་དུ་རང་ས་བཟུང་། ཡང་དང་ཡང་དུ་རིག་ཆ་དེ་ཉིད་ཧུར་བཏོན། རྗེན་ལ་ཕྱུངས་ཏེ། ཆིག་ཆོད་དུ་བསྐྱངས་པས་རྟོག་པ་ཕྲ་རགས་ཅི་ཙམ་ཟུར་དུ་ཤར་ཡང་བྱུང་ཚོར་གྱི་རྩིས་གདབ་མི་འབྱུང་བ་ནི་ཡེངས་ནས་མི་ཚོར་བ་མིན་གྱི་རྩལ་གྱི་རྟོག་པས་མི་འཕྲོག་པའམ་མི་གཡེང་ཚུལ་ཡིན་པས་གྲོལ་ལུགས་གསུམ་པ་ཁང་སྟོང་དུ་རྐུན་མ་ཞུགས་པའི་དཔེས་བསྟན་པའང་དེ་ཀ་ཡིན། དེའི་ངང་ལ་ཇི་ལྟར་གོམས་པ་དེ་ལྟར་རྣམ་རྟོག་ཐ་མལ་པའི་རྩལ་ལམ་ཤུགས་ཆད་ཅིང་རྣམ་པར་མི་རྟོག་པའི་རིག་པ་རྩལ་ཇེ་རྫོགས་ལ་སོང་ནས་སྟོང་པའི་དབྱིངས་སུ་རིག་པའི་མདུང་སྐོར་བྱེད་པ་དེ་འབྱུང་། ཆོས་ཉིད་རང་བྱུང་གི་དྲན་པ་དངོས་ནི་གཉུག་སེམས་རང་གི་ཆར་གྱུར་པའི་ཡེ་བབས་ཀྱི་དྲན་པ་ཁོ་ན་ཡིན་ལ། སྨོས་མ་ཐག་པ་ལྟར་རིག་པ་རྩལ་ཐོག་ན་གནས་དུས་ཡེང་མ་ཡེང་གི་སོ་མཚམས་འཛིན་པའི་ཤེས་རབ་འདྲེན་བྱེད་ཀྱི་དྲན་པ་དེ་ཡང་ཆོས་ཉིད་ཀྱི་དྲན་པ་རྗེས་མཐུན་ཙམ་དུ་འགྱུར་བར་མངོན་ལགས། ཉི་ཤུ་པ། ཤེས་ཉམས་དང་མཐར་འགྱུར་གྱི་ཉམས་གཉིས་གཅིག་ཡིན་ནམ་མིན། བརྟན་མི་བརྟན་གྱིས་སྣང་ཤེས་ཉམས་སོ་སོར་འབྱེད་པ་ལགས་སམ། དེ་ལྟར་ན་བླ་མེད་རྒྱུད་སྡེ་གཞན་གྱི་སྟོང་གཟུགས་ཀྱང་བརྟན་པ་སྲིད་ན་རྫོགས་ཆེན་གྱི་སྣང་ཉམས་དང་ཁྱད་པར་ཅི་ལགས་ཞེས་གསུངས་པར། ཤེས་ཉམས་དང་སྣང་ཉམས་དང་མཐར་འགྱུར་གྱི་ཉམས་གསུམ་ལས་དང་པོ་ནི་བདེ་གསལ་མི་རྟོག་སོགས། གཉིས་པ་ནི་དབྱིངས་སྒྲོན་རྨ་བྱའི་མདོངས་ལྟ་བུ་དང་སྟོང་སྒྲོན་ཀོ་མོའི་ཆུ་ལ་རྡོ་བོར་བ་ལྟ་བུ་སོགས། གསུམ་པ་ནི་རིག་མདངས་ལས་གཞན་པའི་ཟླ་ཉི་འཇའ་ཚོན་འདྲ་བ་སོགས་རླུང་རྟགས་ཀྱི་སྣང་བ་རྣམས་ཏེ་དེ་རྣམས་གཅིག་ཏུ་འདོད་མི་བཏུབ། རྒྱུད་སྡེ་གཞན་ནས་བཤད་པའི་སྟོང་གཟུགས་དང་རྫོགས་ཆེན་ཐོད་རྒལ་བའི་སྣང་ཉམས་གཉིས་སྟོང་གཟུགས་ཡིན་པ་ཙམ་དུ་འདྲ་ཞིང་གོམས་འདྲིས་སོང་རིམ་བཞིན་གསལ་བརྟན་ཇེ་ཆེར་འགྲོ་བ་ཙམ་དུའང་འདྲ་མོད་ཀྱི་རླུང་གདངས་དང་རིག་གདངས་ཀྱི་ཁྱད་པར་ལས་དྭངས་ཆ། གསལ་ཆ། བརྟན་ཆ་སོགས་ལ་ཕན་ཚུན་མི་འདྲ་བའི་ཁྱད་ཆེ་བར་ཐེག་མཆོག་མཛོད་ལས་གསུངས་ཏེ། བུ་རམ་འོ་མ་ཤ་ཁ་ར་རྣམས་ཀྱི་རོ་མངར་བ་ཙམ་དུ་འདྲ་ཡང་ཕན་ཚུན་ཁྱད་པར་ཆེ་མོད་དེ་དག་གི་ཁྱད་པར་འདི་ལྟ་བུ་ཞེས་ལྕེས་མྱང་ན་ཤེས་པ་མ་གཏོགས་དབྱངས་ཅན་མས་ཀྱང་བརྗོད་མི་ནུས་ཞེས་སློབ་དཔོན་དཎྜཱིས་གསུངས་པ་ལྟར་རོ།། ཉེར་གཅིག་པ། སེམས་ཀྱི་གསལ་སྟོང་ཟུང་འཇུག་དང་། དེ་ལས་བྱུང་བའི་ཉམས་བདེ་གསལ་མི་རྟོག་དང་། སེམས་ལས་འདས་པའི་རིག་པ་གསལ་སྟོང་ཟུང་འཇུག་དང་དེའི་བདེ་གསལ་མི་རྟོག་གི་ཁྱད་པར་འདི་རྫོགས་ཆེན་མན་ངག་སྡེ་དང་འོག་མའི་ཁྱད་པར་ཕྱེ་ཟེར་ན་རུང་ངམ་གསུངས་པར། སེམས་གསལ་སྟོང་ཟུང་འཇུག་དང་། དེའི་ཆར་གྱུར་པའི་བདེ་གསལ་མི་རྟོག་ཙམ་གྱིས་ཕྱི་ནང་ཐུན་མོང་གི་ཞི་གནས་ལས་ཀྱང་འཕགས་མི་ནུས་ལ། རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་གསུམ་གང་ཡང་སྤྱིར་ཐེག་ཆེན་དེ་ལས་གསང་སྔགས། དེའི་ནང་ནས་རྣལ་འབྱོར་བླ་མེད། དེ་ལས་ཀྱང་རྫོགས་རིམ་གྱི་རྣལ་འབྱོར་ཆེས་ཟབ་པ་ཡིན་པས་དེ་ལྟར་བཞག་མི་རུང་བར་གོ་ལགས། ཉེར་གཉིས་པ། རྫོགས་ཆེན་ལ་གསུམ་དུ་དབྱེ་སྐབས་མ་ཧཱ་ཡོ་ག་སེམས་སྡེ། ཨ་ནུ་ཀློང་སྡེ། ཨ་ཏི་མན་ངག་སྡེ་ཞེས་བཞག་ཨེ་རུང་ཞེས་པར། དེ་ལྟར་བཞག་ཀྱང་འགལ་ཚབ་ཧ་ཅང་ཆེ་བ་མ་མཐོང་རུང་རྒྱུད་འགྲེལ་ཕྱོགས་བཅུ་མུན་སེལ་ལས་གསུངས་པའི་བབས་ལ་བརྟགས་ན་སྒྱུ་འཕྲུལ་གསང་སྙིང་གི་ལམ་རིམ་དང་རྫོགས་ཆེན་ཁྲེགས་ཆོད་དང་ཐོད་རྒལ་དང་གསུམ་པོ་ཨ་ཏིའི་མ་ཧཱ་སོགས་གསུམ་དུ་མཛད་པ་འདྲ་བ་ཅིག་སྣང་སྟེ་འདི་ལ་ད་དུང་ཤིན་ཏུ་བརྟགས་དགོས་པར་འདུག་ལགས། ཉེར་གསུམ་པ། རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་བར་དོ་སྔ་མ་གསུམ་གང་རུང་ལ་གྲོལ་ན་དེའི་དུས་ཉིད་དུ་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་དང་། སྲིད་པ་བར་དོར་གྲོལ་ན་རང་བཞིན་སྤྲུལ་པའི་ཞིང་དུ་སྐྱེས་ནས་གཟོད་འཚང་རྒྱ་བ་ལགས་སམ་ཞེས་པ་ནི། ཇི་ལྟར་ཕྱག་བྲིས་སུ་གནང་བ་དེ་ཁོ་ན་ལྟར་ལགས། ཉེར་བཞི་པ། གསང་བ་སྒྱུ་འཕྲུལ་པའི་ལྷག་པའི་བདེན་གཉིས་དབྱེར་མེད་སྐབས། ཀུན་རྫོབ་ཏུ་ཡང་བདེན་གཉིས་དབྱེར་མེད་པའི་བསམ་སྤྱོད་ཁྱད་པར་ཅན་གྱིས་ཟིན་པས་དག་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བལྟ་བ་དང་། དོན་དམ་དཀོར་བདུན་ཡེ་ནས་ལྷུན་གྱིས་གྲུབ་པའི་བཞུགས་ཚུལ་དེ་ལ་ཐུན་མོང་གི་མཉམ་གཉིས་ལས་ལྷག་པའི་བདེན་གཉིས་དབྱེར་མེད་ཆོས་སྐུ་ཆེན་པོ་ཞེས་གོ་བ་དེ་འདྲ་ཞིག་ཨེ་རེད་ཅེས་བཀའ་སྩལ་བར། དེ་ལོས་ཡིན་ཡང་ལྷག་པ་ཀུན་རྫོབ་བདེན་པ་འདིའི་འཇོག་ལུགས་ཞིབ་ཏུ་སྣང་བ་ལྷར་སྒྲུབ་ཚུལ་གྱི་སྐོར་རྣམས་ལས་རྒྱས་པར་མཁྱེན་དགོས་ཤིང་། དོན་དམ་དཀོར་བདུན་གྱི་གོ་དོན་རྩ་བ་གཉུག་སེམས་རྒྱས་པར་གཏན་ལ་ཕབ་པ་ལ་རག་ལས་ཀྱང་རྒྱུད་འགྲེལ་རྣམས་ལ་གཟིགས་པས་ཁྱབ་ཀྱི་ཡི་གེ་ཧ་ཅང་མང་བས་འཇིགས་པས་སྤྲོས་པ་བསྐྱུངས་པ་ལགས། དེ་དག་གིས་ནི་ཇི་ལྟར་བཀའ་འདྲིས་གནང་བ་རྣམས་ཀྱི་ལན་ཧ་ལམ་ཙམ་རེ་ཞུས་ཟིན་ཏོ།། སྤྱིར་དེང་སང་བསྐལ་པ་སྙིགས་མའི་མཐར་སླེབས་ཤིང་། ཐུབ་པའི་བསྟན་པ་མར་འགྲིབ་པས་སྐྱེ་བོ་རྣམས་དམ་པའི་ཆོས་ལ་མོས་པ་ཆུང་ཞིང་། ལྷག་པར་ཐེག་མཆོག་རྡོ་རྗེ་རྩེ་མོའི་བཤད་སྒྲུབ་བསོད་ནམས་དང་སྐལ་པས་འཆུན་པ་སྲིད་མཐའ་མ་ཁེགས་ཙམ་དུ་སོང་བའི་དུས་འདིར། འདི་ཙམ་ཞིག་གླེང་བའི་གོ་སྐབས་རྙེད་པའང་སྐལ་པ་བཟང་བར་ཤེས་ནས་བྱིས་པས་མི་རྒན་གྱི་ལད་མོ་ལྟར་བཟླས་པ་མ་གཏོགས་རྡོ་རྗེའི་གནས་ཟབ་མོ་རྣམས་བདག་འདྲ་བས་བཤད་པར་ག་ལ་ནུས། བཀའ་འདྲི་འདི་དག་ལ་བལྟས་ན་དེ་ཀར་རྫོགས་ཆེན་སྙིང་ཐིག་གི་ཕྱོགས་ལ་གཟིགས་རྟོག་མང་དུ་མཛད་ཀྱི་ཡོད་འདྲ་སྙམ་ནས་ཁ་ཙམ་མིན་པར་ཡི་རང་ཆེན་པོ་སྐྱེས་ཤིང་ད་དུང་ཡང་། སེམས་རིག་རྣམ་འབྱེད་སྤྱིའི་གོ་དོན་དང་། རིག་པ་བཅར་ཕོག་ཏུ་ངོས་འཛིན་ཚུལ། དེ་ཁོ་ནས་ཤོར་གོལ་ནོར་གསུམ་གྱི་འཕྲང་ཐམས་ཅད་ཆིག་ཆོད་བྱེད་ཚུལ། རིག་པ་རྐྱང་འདེད་བྱས་ནས་གདམས་ངག་གཞན་གྱི་ཤན་མ་ཞུགས་པར་སྐྱོང་ཚུལ། དེ་ལ་མདོ་རྒྱུད་འོག་མ་རྣམས་ནས་བཤད་པའི་ལམ་གྱི་གནད་མཐའ་དག་ཡར་ལྡན་དུ་རྫོགས་ཚུལ། དེར་མ་ཟད་ཐེག་པ་འོག་མ་གང་དང་ཡང་མི་འདྲ་བའི་ཁྱད་པར་འཕགས་ཆོས་ངེས་འདྲོང་རྒྱ་ཆེར་ཡོད་ཚུལ་སོགས་གསལ་ཞིང་རྣོ་ལ་མཐའ་ཆོད་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཞལ་དངོས་སུ་བཞུགས་པ་དང་འདྲ་བར་སྟོན་པ་ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད་ཡིན་པས་དེ་ཉིད་ལ་ཡང་ཡང་གཟིགས་དགོས། ཡང་ཡང་གཟིགས་ན་ཇེ་ཞིབ་ཇེ་ངེས། ཚིམ་པ་མེད་པར་བལྟ་སྙིང་འདོད་པ་འབྱུང་། ལན་རེ་ཟུང་གཟིགས་པ་ཙམ་གྱིས་རྩིང་ཧྲོབ་བེ་བ་ལས་མི་འོང་། དེ་ནས་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་མཐའ་གཅོད་རྒྱ་ཆེ་ཞིང་འབྱམས་ཀླས་པར་གཏན་ལ་འབེབས་པ་ཐེག་མཆོག་མཛོད་ཡིན་པས་དེ་ཡང་ཡང་གཟིགས་པ་གནད་ཆེ། སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་དང་། ཡོན་ཏན་མཛོད་རྩ་འགྲེལ་གྱི་སྟེང་ནས་བསྟན་པ་སྤྱིའི་སྒྲོམ་འཚོལ་བའང་མེད་མི་རུང་དུ་གལ་ཆེ་སྙམ་པ་བཅས་མཛེས་ལམ་དུ་མ་སོང་བའི་ནང་བཅར་གྱི་ཞུ་བ་ལགས། ཞེས་འཇམ་དབྱངས་རྡོ་རྗེ་འཆང་ཆེན་པོའི་བྲན་གྱི་ཐ་ཤལ་དུ་གཏོགས་པ་སྤྲང་རྒན་བསྟན་པའི་ཉི་མས་གསོལ་བ་དགེ་བར་གྱུར་ཅིག༎ ༎