The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Stairway to Great Bliss—Tibetan

English | བོད་ཡིག

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་གི་ཆ་ལག་ཏུ། དུད་འགྲོའི་རིགས་ལ་ཐར་པའི་ས་བོན་འདེབས་པའི་ཐབས། བདེ་ཆེན་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།

 

ན་མོ་ཨ་མི་ཏ་བྷ་ཡེ།

འོད་སྣང་མཐའ་ཡས་མགོན་པོ་ལ། །  
གུས་པས་བཏུད་ནས་དུད་འགྲོའི་རིགས། །

ཐར་པའི་ལམ་ལ་ཁྲིད་པའི་ཕྱིར། །  
ཐབས་ཀྱི་མན་ངག་འདི་ཉིད་བརྩམས།

དེ་ཡང་དུད་འགྲོའི་རིགས་ཐར་པའི་ཐབས་འདི་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས།

བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །

སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །

ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །

ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །

ལན་གསུམ།

དེང་དུས་བདག་ཚེ་འབྲས་བུ་ཡོད། །

མི་ཡི་སྲིད་པ་ལེགས་པར་ཐོབ། །

དེ་རིང་སངས་རྒྱས་རིགས་སུ་སྐྱེས། །

སངས་རྒྱས་སྲས་སུ་ད་གྱུར་ཏོ། །

ད་ནི་བདག་གིས་ཅི་ནས་ཀྱང་། །

རིགས་དང་མཐུན་པའི་ལས་བརྩམས་ཏེ། །

སྐྱོན་མེད་བཙུན་པའི་རིགས་འདི་ལ། །

རྙོག་པར་མི་འགྱུར་དེ་ལྟར་བྱ། །

ལོང་བས་ཕྱག་དར་ཕུང་པོ་ལས། །

ཇི་ལྟར་རིན་ཆེན་རྙེད་པ་ལྟར། །

དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །

བྱང་ཆུབ་སེམས་འདི་བདག་ལ་སྐྱེས། །

བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །

སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །

བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །

ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །

ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་རྣམས་གྲུབ་རྗེས་འདི་སྐད་བརྗོད།

ཀྱཻ། མ་རིག་གཏི་མུག་དབང་གྱུར་བས། །

འཁོར་བ་དུད་འགྲོའི་མངོན་རྟོགས་ཤར། །

དེ་བཟློག་ཆོས་དབྱིངས་ཡེ་ཤེས་ཀྱི། །

དཀྱིལ་འཁོར་མངོན་དུ་འགྱུར་བའི་ཐབས། །

རྟེན་འབྲེལ་ཆོ་ག་དོན་དམ་གྱི། །

ཕྱག་རྒྱས་བཏབ་འདིར་བསླུ་བ་མེད། །

བྱིན་དབབ་པ་ནི།

ཧོ། མཁྱེན་པའི་ཡེ་ཤེས་འོད་དཔག་མེད། །

ཐུགས་རྗེའི་གཏེར་མཛོད་པད་དཀར་འཆང་། །

མཐུ་སྟོབས་འོད་ཟེར་གསང་བའི་བདག །

རྣམ་གསུམ་གཅིག་དྲིལ་བླ་མའི་བྱིན། །

དུད་འགྲོ་འདི་ལ་འབེབས་མཛད་གསོལ།

གནོད་པ་བཟློག་ཅིང་ཕན་འདོགས་པའི་སྨོན་ཚིག

ཧོ། དུག་གསུམ་ནད་སེལ་སྨན་གྱི་བླ། །

འཇིགས་བརྒྱད་ལས་སྒྲོལ་ཏ་རེ་མ། །

དགྲ་རྐུན་འཆིང་མཛད་མ་རི་ཙྱཻ། །

རྣམ་གསུམ་ནུས་མཐུས་དུད་འགྲོ་ཡི། །

ནད་གདོན་འཇིགས་བརྒྱད་ལས་གྲོལ་ནས། །

ཐར་པ་དང་ནི་རྣམ་མཁྱེན་གྱི། །

གོ་འཕང་མངོན་དུ་འགྱུར་བར་མཛོད། །

རྟེན་འབུལ་བ་ནི།

ཧོ། རྒྱལ་བ་འོད་དཔག་མེད་མགོན་དང་། །

སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །

སྨན་བླ་ཏ་རེ་མ་རི་ཙྱཻ། །

ཀུན་ལ་དུད་འགྲོ་འདིའི་བཙོར་བྱས། །

ངན་སོང་སྡུག་བསྔལ་ཞི་བའི་ཕྱིར། །

སྒོ་གསུམ་འབུལ་ལོ་ཐུགས་རྗེས་སྐྱོབས། །

བླ་མ་ཡི་དམ་མཁའ་འགྲོ་དང་། །

ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ། །

འབུལ་ལོ་ཉེར་འཚེ་ཀུན་ཞི་ནས། །

ཐར་པ་དང་ནི་རྣམ་མཁྱེན་གྱི། །

དཔལ་དང་ཡོན་ཏན་མངོན་གྱུར་ཤོག །

ཚེ་གཟུངས་འདོན།

ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རྭ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ།

བདེན་ཚིག་སྨོན་ལམ་གདབ་པ་ནི།

ཧོ། འཁོར་བ་དམན་པའི་སྒོ་གསུམ་བོར། །

ཐར་པའི་ས་བོན་ལེགས་བཏབ་མཐུས། །

རྒྱལ་བསྟན་དར་ཞིང་སེམས་ཅན་བདེ། །

ངན་སོང་སྡུག་བསྔལ་ཡོངས་བསལ་ནས། །

ཐར་པ་དང་ནི་ཞི་བ་མཆོག །

མྱུར་དུ་ཐོགས་མེད་མངོན་པར་ཤོག

མཐའ་སྡུད་བཀྲ་ཤིས་ནི།

ཧོ། ཐབས་མཆོག་འཁོར་ལོ་རིན་པོ་ཆེས། །

ངན་འགྲོ་འཇོམ་པའི་བཀྲ་ཤིས་ཤོག །

དཔལ་ཡོན་ནོར་བུ་རིན་པོ་ཆེས། །

འདོད་དོན་འབྱུང་བའི་བཀྲ་ཤིས་ཤོག །

ཤེས་རབ་བཙུན་མོ་རིན་པོ་ཆེས། །

དགའ་བདེ་འཕེལ་བའི་བཀྲ་ཤིས་ཤོག །

བློ་ལྡན་ཁྱིམ་བདག་རིན་པོ་ཆེས། །

མངའ་ཐང་འཕེལ་བའི་བཀྲ་ཤིས་ཤོག །

ནུས་ལྡན་གླང་པོ་རིན་པོ་ཆེས། །

གཞན་དཔུང་འཇོམས་པའི་བཀྲ་ཤིས་ཤོག །

རྩལ་ལྡན་རྟ་མཆོག་རིན་པོ་ཆེས།  །

ས་ལམ་མྱུར་བསྒྲོད་བཀྲ་ཤིས་ཤོག །

སྟོབས་ལྡན་དམ་དཔོན་རིན་པོ་ཆེས། །

མི་མཐུན་ཕྱོགས་འཇོམས་བཀྲ་ཤིས་ཤོག །

ཡངས་པའི་རྒྱལ་ཁམས་ཐམས་ཅད་ཀུན། །

བདེ་སྐྱིད་ཕུན་ཚོགས་བཀྲ་ཤིས་ཤོག །

འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །

སངས་རྒྱས་ཐོབ་པའི་བཀྲ་ཤིས་ཤོག །

བླ་མེད་སྔགས་ཀྱི་ཐེག་པ་ལ། །

ཐེ་ཚོམ་མེད་པའི་བཀྲ་ཤིས་ཤོག །

རབ་འབྱམས་ཕྲིན་ལས་མཐའ་ཡས་ཀྱིས། །

ཕན་བདེ་སྤེལ་ནུས་བཀྲ་ཤིས་ཤོག

གཞན་ཡང་བཀྲ་ཤིས་གང་རྒྱས་བའོ། །

 

འདི་ཉིད་སྔགས་ཀྱི་རྣལ་འབྱོར་པ། འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས། བྲིས་པའི་སེམས་བསྐྱེད་རོལ་མོའི་སྒྲས། ཕན་བདེ་མགྲོན་དུ་ཁུག་པར་གྱུར། བསླུ་མེད་རྟེན་འབྲེལ་ཟབ་མོ་འདིས། འབྲས་བུས་སངས་རྒྱས་མངོན་པར་ཤོག དགེའོ།།

 

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Amitābha

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept