Blessing Vajra and Bell and Visualizing Field of Merit—Tibetan
༄༅། །རྡོར་དྲིལ་བྱིན་རླབས་དང་སྐྱབས་ཡུལ་གསལ་གདབ།
རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་དྲིལ་བཅང་དགོས་པས་བྱིན་རླབས་ནི།
ཨོཾ་མ་ཧཱ་བཛྲ་ཧཱུྃ།
ཞེས་ལག་གཡས་ཀྱི་རྡོ་རྗེ་ཐུགས་ཀར་གསོར།
ཨོཾ་བཛྲ་གྷཎྜེ་ཨ།
ཞེས་ལག་གཡོན་གྱིས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན།
ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོཉཧཿ
ཐུགས་ཀར་འཁུད་རྒྱ་བྱ།
སྐྱབས་ཡུལ་གསལ་གདབ་ནི།
ནང་སྒྲུབ་རིག་འཛིན་འདུས་པ་ལ།
རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པ་རིག་འདུས་མ་ཧཱ་གུ་རུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ
ཞེས་གཞུང་གང་ཡིན་ཀྱི་སྐྱབས་འགྲོ་ལ་འཇུག
རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་སྤྲོས་པའི་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ ། །
ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལ།
རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པ་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ
ཡུམ་ཀ་བདེ་ཆེན་རྒྱལ་མོ་ལ།
རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པ་རྒྱལ་ཡུམ་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ
གསང་སྒྲུབ་ཐུགས་ཆེན་སྡུག་བསྔལ་རང་གྲོལ་ལ།
རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ
སྐྱབས་སེམས་སོགས་ཀྱི་མཐར་ཚོགས་ཞིང་བསྡུ་བ་ནི།
ཛཿཧཱུྃ་བཾ་ཧོ།
ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར།